གངས་ལྗོངས་ས་མཐོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་དུ་དཔྱིད་ཀྱི་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ཤར་བས། ཁམ་བུའི་མེ་ཏོག་དང་དཔྱིད་བསུའི་མེ་ཏོག་སོགས་མེ་ཏོག་སྣ་མང་གི་འདབ་བརྒྱ་ལྷུག་པོར་གྲོལ་ནས་གངས་རི་དང་། ཁྲོམ་གཞུང་གི་མཛེས་ལྗོངས། འཛུགས་སྐྲུན་བཅས་ཀྱི་དབར་ཕན་ཚུན་འོད་མདངས་འཕྲོས་ནས་མཛེས་པ་ཅི་རིགས་མངོན་བཞིན་ཡོད་ཅིང་། གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་ཅིག་ཅར་ཉིད་དུ་འཕྲོག་སྟེ། མེ་ཏོག་གི་མཛེས་པར་རོལ་གྱིན་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་གངས་ལྗོངས་ས་མཐོའི་ཐུན་མིན་གྱི་མཛེས་པ་ལོངས་སུ་སྤྱོད་བཞིན་ཡོད།
ཕོ་བྲང་པོ་ཏ་ལའི་བྱང་ཕྱོགས་ཀྱི་རྫོང་རྒྱབ་ཀླུ་ཁང་དུ་དཔྱིད་མགོའི་མེ་ཏོག་དང་དཔྱིད་བསུའི་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་སྤྲིན་གྱི་ཚོགས་ལྟར་འདུས་ནས་འདབ་བརྒྱ་ལྷུག་པོར་གྲོལ་ཞིང་མེ་ཏོག་རབ་ཏུ་བཞད། རྒྱ་ལྕང་ལས་མྱུ་གུ་འབུས་ཤིང་དེའི་གཟུགས་བརྙན་ཆུ་ངོགས་སུ་འཆར་བས། ཡིད་དབང་འཕྲོག་པའི་ཆུ་ཡི་རི་མོ་ཞིག་ཀྱང་གྲུབ་ཡོད། གྲོང་མི་དང་ཡུལ་སྐོར་བ་འགའ་རེ་གྲུ་གཟིངས་ལ་བསྡད་ནས་ཆུ་ངོས་སུ་དཔྱིད་དཔལ་ལོངས་སུ་སྤྱོད་པར་བསྐྱོད་པ་དང་། འགའ་རེས་མེ་ཏོག་དང་ལྕང་འགྲམ་དུ་དྲན་རྟེན་པར་ལེན་པ་སོགས་རང་རང་གི་དགའ་མོས་བཞིན་དཔྱིད་ཀྱི་དཔལ་ཡོན་ལོངས་སུ་སྤྱོད་བཞིན་ཡོད་པས། འདི་ནི་བདེ་སྐྱིད་ཅིག་ཅི་ལ་མིན།
དམག་དམངས་ལམ་དུ་ཁམ་བུའི་མེ་ཏོག་ལྷུག་པོར་བཞད་ཡོད་པས། ལྷ་སའི་དཔྱིད་དུས་ཀྱི་མཛེས་པ་མྱོང་རོལ་བྱེད་སའི་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་བཞིན་ལྗོངས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལམ་དུའང་དེ་ལྟ་བུའི་མཛེས་ལྗོངས་ཤིག་ཡོད་པ་སྟེ། གཞུང་ལམ་གཡས་གཡོན་དུ་ལོ་མ་དམར་པོའི་ལྗོན་ཤིང་ལ་ཟིང་དཀར་གྱི་མེ་ཏོག་བཞད་ཡོད་ཅིང་། རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་མེ་ཏོག་རིམ་གྱིས་ས་ལ་ལྷུང་བཞིན་པའི་རྣམ་པ་དེ་ནི་མཛེས་སྡུག་ཡིད་དབང་འཕྲོག་པ་ཞིག་ཡོད། གཞན་ཡང་གཞུང་ལམ་ཐོག་སྐྱོད་བཞིན་པའི་རླངས་འཁོར་དང་བགྲོད་ལམ་ཐོག་འགྲོ་བཞིན་པའི་མི་ཚོགས་ཀྱིས་དཔྱིད་དཔལ་འདིར་ཐུན་མོང་མ་ཡིན་པའི་འཚོ་བའི་ཉམས་ཤིག་ངམ་ངམ་ཤུགས་ཀྱིས་སྦྱིན་བཞིན་ཡོད།
ལོ་རེའི་དཔྱིད་ཀར་ལྷ་སའི་བྱང་ཕྱོགས་སུ་གནས་པའི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཕ་བོང་ཁ་དེ་ཉིད་གངས་ལྗོངས་གནའ་གྲོང་གི“ཁམ་བུའི་མེ་ཏོག་ལྷུག་པོར་བཞད་པའི་ཡུལ་མཆོག”ཞིག་ཏུ་འགྱུར་བཞིན་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3900ཙམ་ཡོད་པའི་གནའ་བོའི་དགོན་པ་འདིར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དབང་གིས་སྐྱེ་སྟོབས་གྱི་དཔལ་འབར་ཞིང་གསོན་ཤུགས་ཀྱི་རབ་ཏུ་ཕྱུག་པས། ཡུལ་སྐོར་བ་དང་གྲོང་མི་མང་པོ་ཞིག་གི་ཡིད་དབང་ཅིག་ཅར་ཉིད་དུ་འཕྲོག་ནས་མེ་ཏོག་ལ་མྱོང་རོལ་བྱེད་ཀྱིན་པར་དུ་བླངས་ཏེ། རང་བྱུང་གི་མཛེས་པ་ལོངས་སུ་སྤྱོད་པར་ཡོང་གི་ཡོད། དགོན་འདབས་ནས་རྒྱང་རིང་དུ་བལྟས་ཚེ། གངས་རི་དང་། མེ་ཏོག རྩིག་དམར་སོགས་མཛེས་པ་ཅི་རིགས་མིག་ལམ་དུ་མངོན་བཞིན་ཡོད་པས། པར་ལེན་ལ་དགའ་པོ་བྱེད་མཁན་ཚོས“ལྷ་སའི་དཔྱིད་དུས་ཀྱི་རྣམ་པ་པར་དུ་ལེན་སའི་ཡུལ་ཡག་ཤོས”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
ཡུལ་སྐོར་བ་ཅིང་ཅིང་གིས་ཀྱང་ཕ་བོང་ཁ་འདི་ཉིད་ཡུལ་སྐོར་གྱི་ཕྱི་ལྗོངས་པར་ལེན་བྱ་ཡུལ་དུ་བདམས་ཡོད། ཁོང་གིས། ལྷ་ས་ཧ་ཅང་སྐྱིད་པོ་འདུག ད་རེས་ཡོང་ཐེངས་གསུམ་པ་ཡིན། འདི་གའི་དཔྱིད་ཀར་ཐུན་མིན་གྱི་མཛེས་པ་ཞིག་ལྡན་ཡོད། དེའི་གོང་དུ་བྲག་ཡེར་པར་པར་ལེན་བྱེད་པར་བསྐྱོད་པ་ཡིན། ཧ་ཅང་སྙིང་རྗེ་པོ་འདུག ད་རེས་ཀྱང་ཕ་བོང་ཁའི་ཁམ་བུའི་མེ་ཏོག་པར་ལེན་བྱེད་པར་ཡོང་བ་ཡིན། རྗེས་མ་ང་དགུན་དུས་སུ་བོད་དུ་ཡོང་གི་ཡིན། དགུན་ཁའི་ས་མཐོའི་མཛེས་ལྗོངས་ལ་ལྟ་འདོད་ཆེན་པོ་འདུག་ཅེས་བཤད།
ཡུལ་སྐོར་པར་ལེན་ལས་རིགས་ཀྱི་ལས་དོན་པ་ཧུའུ་ཡུང་གིས། གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ང་ཚོའི་ཚོང་ཡང་ཇེ་ཡག་ཏུ་འགྲོ་བཞིན་འདུག ཡུལ་སྐོར་བ་ཚང་མས་སྲོལ་རྒྱུན་གྱི་བོད་ཆས་སྤྲས་ནས་ཁམ་བུའི་མེ་ཏོག་དང་ལོ་མ་དམར་པོའི་ལྗོན་ཤིང་མཉམ་དུ་པར་ལེན་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ད་ལྟའི་ཡུལ་སྐོར་བ་ཚོས་སྲོལ་རྒྱུན་གྱི་ཅ་དངོས་ལ་གཙིགས་མཐོང་ཆེན་བྱེད་ཀྱི་འདུག་ཅེས་བཤད།
གསར་འགོད་པས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དྲན་སྐུལ་བྱས་དོན། དཔྱིད་དུས་ཧ་ཅང་མཛེས་ཀྱང་སྐད་ཅིག་ཉིད་ལ་འདས་འགྲོ་བས་གཅེས་སྤྲས་ཅིས་ཀྱང་བྱེད་དགོས། ཕ་བོང་ཁ་ནི་ཆོས་ལུགས་ཀྱི་གནས་ཡུལ་ཞིག་ཡིན་པས་ཡུལ་དེ་གའི་མང་ཚོགས་ཀྱི་དད་མོས་ལ་བརྩི་འཇོག་བྱེད་དགོས་པ་ལས་གང་བྱུང་དུ་སྐྱོད་པ་དང་། རི་དང་བྲག་རིར་འཛེག་པ་སོགས་གཏན་ནས་བྱེད་མི་ཉན། བསམ་ཡུལ་ལས་འདས་པའི་གནས་ཚུལ་ཅི་ཞིག་ལྷག་མིན་ནི་སུས་ཀྱང་ཚོད་བགམ་བྱེད་དཀའ་བ་ཞིག་ཡིན། དེ་བཞིན་གྲོང་ཁུལ་གྱི་གཞུང་ལམ་གཡས་གཡོན་གྱི་མེ་ཏོག་ལ་མྱོང་རོལ་བྱེད་སྐབས་གད་སྙིགས་གང་བྱུང་དུ་གཡུག་པ་དང་རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་གཏན་ནས་བྱེད་མི་ཉན། ང་ཚོས་ཅིས་ཀྱང་རང་བྱུང་ཁམས་ཀྱི་སྦྱིན་པའི་མཛེས་ལྗོངས་ལ་མཉམ་དུ་གཅེས་སྤྲས་བྱེད་དགོས།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社