ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་25ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའུ། སྟག་རྩེ་ཆུས་ཨུད་དྲིལ་བསྒྲགས་པུའུ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ་བཅས་ཀྱིས་སྒྲུབ་འགན་འཁུར་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་དུ་གཏོང་བའི་ཟླ་རེའི་སྒྲོག་འགྲེལ་དང་མ་འོངས་པའི་ཕྱོཊ་སུ་སྐྱོད་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
བྱེད་སྒོ་དེ“སྒྲོག་འགྲེལ་སློབ་གསོ་+རིག་རྩལ་མཉམ་འཁྲབ་+N”ཡི་སྣ་མང་རྣམ་པའི་ཐོག་ནས་སྤེལ་ཞིང་། དེའི་དམིགས་ཡུལ་ནི་གྲོང་ཁྱེར་ཡོངས་སུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱ་རྒྱུ་དེ་རེད། བྱེད་སྒོའི་ཐོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་66འཁོར་བར་དྲན་གསོ་ཞུ་བ་དང་ལྷ་ས་གྲོང་ཁྱེར་གྱི“གཞི་རིམ་དུ་སླེབས་པ་བཞིའི”བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལྷ་ས་གྲོང་ཁྱེར་དུ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་གཙོ་དོན་ཁ་གསལ་ཞིང་ལེགས་པ་དང་དྲང་ནུས་ཆེ་བའི་གླེང་ཕྱོགས་ཀྱི་རྣམ་པ་ཞིག་གཏོད་ཡོད། བྱེད་སྒོའི་ཁྲོད་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་འགྲེལ་བཤད་བརྒྱབ་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་འཚོ་བ་དང་ཉེ་བཅར་ཐུབ་པར་བྱས་ཡོད། གྲོང་མི་ཚེ་སྒྲུབ་ཀྱིས་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་མ་ཚུགས་གོང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཏང་གི་སྲིད་ཇུས་བཟང་པོའི་འོག་རྒྱ་ཆེའི་མང་ཚོགས་ཚོས་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་ལོངས་སྤྱོད་ཐུབ་པ་དཔེར་ན། སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱིས་ང་ཚོའི་འཚོ་བར་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་བཤད།
སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཡེར་པ་གྲོང་ཚོའི་རིག་རྩལ་རུ་ཁག་གིས་གསོན་ཤུགས་ཀྱིས་ཕྱུག་པའི《བཀྲ་ཤིས་གཡང་ཆགས》ཞེས་པའི་ཁྲོད་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་ཚུགས་པ་རེད། དེ་རྗེས《ཨར་གཞས》དང་། 《ཨ་ཅེ་ལྷ་མོ》 《མར་གྱི་མཛའ་བརྩེ》 《འབྲོག་པའི་སྒོར་གཞས》སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཏེ་དུས་རབས་གསར་པའི་ལྷ་སའི་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བ་གསར་པ་ཐུན་མོང་ཐོག་མངོན་པར་བྱས་ཡོད། ས་ཡུལ་དངོས་སུ་ད་དུང་རིག་གནས་གསར་གཏོད་དང་ཞིང་ལས་ཐོན་རྫས་འགྲེམས་ཚོང་ཁུལ་བཙུགས་ནས་ལྷ་སའི་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཡོད། སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོའི་རིག་རྩལ་རུ་ཁག་གི་འཁྲབ་སྟོན་པ་བསོད་ནམས་སྒྲོལ་དཀར་གྱིས་ང་ཚོས་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པའི་ཞབས་བྲོ་བརྒྱུད་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་པར་མ་ཟད གྲོང་གསེབ་ཀྱི་དགའ་འོས་པའི་འགྱུར་ལྡོག་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། དེའི་ཐད་ང་ཚོར་སྤོབས་སེམས་ཚད་མེད་སྐྱེས་བྱུང་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་དེ་ལྷ་སའི་གསལ་བསྒྲགས་དང་ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་སྐད་འཕྲིན་བརྙན་ལམ་ཨང་གྲངས་དང་། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་དང་བདེ་སྐྱིད་ལྷ་ས་ཞེས་པའི་ཁྱུག་དབྱིངས་དང་མགྱོགས་འཕྲིན་བཅས་བརྒྱུད་ནས་ཐད་གཏོང་བྱས་ཤིང་། མཇུག་འགྲིལ་སྐབས་ཁྱོན་ལྟ་མཁན་མི་ཐེངས་ཁྲི་1.5ཟིན་པ་དང་མོས་བསྟོད་བྱེད་ཚད་མི་ཐེངས་ཁྲི་1.6ཟིན་ཡོད། སླད་ཕྱིན་རང་གྲོང་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་མུ་མཐུད་དེ་སྤེལ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་བརྒྱུད་བསྒྲགས་བྱེད་པ་དང་། གྲོང་མིའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་ལྷ་ས་བསྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社