ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ་3ཚེས་21ཉིན་ནི་འཛམ་གླིང་གི་གཉིད་ཉལ་བའི་ཉིན་མོ་ཐེངས་25པ་དེ་ཡིན་ཞིང་། སྤྱི་དམངས་ཀྱིས་གཉིད་ཉལ་བའི་བདེ་ཐང་ལ་མཐོང་ཆེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་ཆེད། ཉིན་དེའི་སྔ་དྲོར། གྲོང་ཁྱེར་མི་དམངས་སྨན་ཁང་གི་རིག་ཚན་མང་པོས་མཉམ་འབྲེལ་ཐོག་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་གྲོང་མི་མང་པོ་ཞིག་བློ་འདྲི་དང་བརྟག་དཔྱད་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
སྔ་དྲོའི་ཆུ་ཚོད་10པར་འོས་འགན་སྨན་བཅོས་བྱ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དབུགས་ལམ་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་དང་། དབང་རྩའི་ཁོག་ནད་ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག་སོགས་ནས་ཕེབས་པའི་སྨན་པ་དཀའ་བཅུ་པས་སེམས་རྩ་འཁོལ་ལ་ཆེད་ལས་ཀྱི་ཐོག་ནས་གྲོང་མི་ཚང་མར་བརྟག་དཔྱད་བྱས་པ་རེད། ཐེངས་འདིའི་འོས་འགན་སྨན་བཅོས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེའི་ནང་གཉིད་མི་ཁུག་པ་དང་། གཉིད་ཉལ་སྐབས་དབུགས་གཏོང་དཀའ་བ་སོགས་གཉིད་མི་ཁུག་པའི་གནད་དོན་གྱི་ནད་བརྟག་སྨན་བཅོས་ཀྱི་བློ་འདྲི་ཚུད་ཡོད། སྨན་པ་དཀའ་བཅུ་པ་ཚོས་གྲོང་མིའི་མི་སྒེར་གྱི་གཟུགས་གཞིའི་བདེ་ཐང་གི་ཁྱད་པར་གཞིར་བཟུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཕྱི་ལུགས་གསོ་རིག་དང་། ཀྲུང་ལུགས་གསོ་རིག་གི་གཉིད་ཁུག་བདེ་རུ་གཏོང་བའི་ཇུས་གཞི་དང་ཆེད་ལས་ནད་བརྟག་སྨན་བཅོས་ཀྱི་གྲོས་འགོ་བཏོན་ཏེ། ནད་པ་མི་འདྲ་བའི་དགོས་མཁོ་བསྐངས་ཤིང་།སྙིང་ཉེ་བའི་ཞབས་ཞུར་གྲོང་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད།
གྲོང་མི་བསམ་གཏན་གྱིས་ང་གཉིད་ཡག་པོ་ཁུག་གི་མི་འདུག དེ་རིང་འདི་གར་པེ་ཅིང་ནས་ཕེབས་པའི་རིགས་གཅིག་མཁས་ཅན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་གྱི་ཡོད་པ་ཤེས་རྟོགས་བྱུང་བས་ལམ་སེང་ཡོང་བ་ཡིན། ངའི་ནད་བརྟག་གཞིར་བཟུང་སྨན་སྤྲད་བྱུང་བས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
བྱེད་སྒོ་སྤེལ་རིང་། ཡུལ་དངོས་ཀྱི་སྨན་དོན་པས་གྲོང་མིར་སྒྲིག་བཟོ་ཞིབ་ཚགས་བྱས་པའི་གཉིད་ཀྱི་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་ལག་དེབ་སྤྲད་དེ་གྲོང་མིའི་རྒྱུན་གཏན་གྱི་ལྟ་ཀློག་དང་། སློབ་སྦྱོང་ལ་སྟབས་བདེ་བསྐྲུན་ནས་རང་ངོས་ཀྱི་གཉིད་ཉལ་བའི་བདེ་ཐང་ལ་དོ་དམ་བྱ་རྒྱུར་ཕན་པ་བསྐྲུན་ཡོད།
གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་པུའི་ཀྲུའུ་རེན་དང་། པེ་ཅིང་ཨན་ཏིང་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ཁྲེན་ཧྲུན་ཁྲི་ཡིས་གཉིད་ཡག་པོ་མ་ཁུག་ཚེ་ཚང་མར་སྙིང་ཁམས་ཁྲག་རྩའི་ནད་ཕོག་སྲིད་པས་ཁྲག་ཤེད་ལ་ཤུགས་རྐྱེན་ཐེབས་སྲིད་ལ། ད་དུང་ང་ཚོའི་སེམས་ཁམས་ལའང་ཤུགས་རྐྱེན་ཐེབས་སྲིད། དེ་རིང་ང་ཚོས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་། ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་ཚད་ལྡན་དང་། གཉིད་ཉལ་སྟངས་ལེགས་སུ་གཏོང་བའི་ཐད་མཛུབ་སྟོན་བྱས་པ་ཡིན། ཕྱིས་འབྱུང་ང་ཚོས་ཡུལ་དུས་མི་འདྲ་བར་གཞིགས་ནས་དེ་ལྟ་བུའི་བྱེད་སྒོ་མང་ཙམ་སྤེལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
གཉིད་ཡག་པོ་ཁུག་པ་ནི་བདེ་ཐང་གི་རྨང་གཞི་ཡིན་པས་མི་རྣམས་ཀྱི་འཚོ་བའི་སྤུས་ཚད་དང་ལུས་སེམས་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་མུ་མཐུད་ནས་འདི་ལྟ་བུའི་སྤྱི་ཕན་བྱེད་སྒོ་མང་ཙམ་སྤེལ་ཏེ། གྲོང་མིའི་གཉིད་ཉལ་བའི་བདེ་ཐང་གི་གནད་དོན་ལ་དམིགས་ནས་བདེ་ཐང་གི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་དེ་བས་མང་བ་འདོན་རྒྱུ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社