分享按钮

(པར་ངོས་དང་པོར་མཐུད)

ཉིན་ཤས་གོང་། ལྷུན་གྲུབ་རྫོང་ངར་ནང་ཤང་གི་གནམ་གཤིས་གྲང་ངར་ཆེ་བ་དང་། ས་ངོས་ཀྱི་ཁ་བ་ད་དུང་བཞུར་མེད། འོན་ཀྱང་ཀ་ལེབ་གྲོང་ཚོའི་སྡོད་བྱ་ཁང་དུ་མེ་བཏང་ཡོད་པ་དང་། རྒན་རྒོན་ཚོ་རྐུབ་སྟེགས་ཐོག་བསྡད་དེ་སྨན་བཅོས་དགེ་རྒན་གྱིས་ཁོང་ཚོའི་གྲུམ་བུའི་ནད་ལ་དངོས་ལུགས་གསོ་བཅོས་བྱ་རྒྱུར་བསྒུག་ནས་བསྡད་ཡོད་པ་རེད།ལྷུན་གྲུབ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའི་ཏང་ཙུའི་ཁོངས་མི་དང་། པུའུ་ཀྲང་གཞོན་པ། རྫོང་ཨུད་སྡེ་ཚོགས་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཚེ་རིང་དཔལ་མོས་གསར་འགོད་པར་ལྷུན་གྲུབ་རྫོང་བྱང་རྒྱུད་ཤང་གསུམ་གྱི་ས་བབ་མཐོ་ལ་གནམ་གཤིས་ཞན་པས་རྒན་རྒོན་མང་པོར་གྲུམ་བུའི་ནད་ཕོག་ཡོད། དུས་འགོར་བརྟག་ཞིབ་བྱས་པ་བརྒྱུད།ངར་ནང་ཤང་ཀ་ལེབ་གྲོང་ཚོར་དེ་བས་ཚབས་ཆེ་བ་དང་དུད་ཚང་མང་ཆེ་བའི་རྒན་རྒོན་ལ་གྲུམ་བུའི་ནད་ཕོག་ཡོད། ང་ཚོས་རྫོང་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གཅེས་སེམས་ཁེ་ལས་གདན་དྲངས་ནས་རྒན་རྒོན་དེ་དག་ལ་རིན་མེད་ངང་སྨན་རྫས་སྤྲོད་པ་དང་དངོས་ལུགས་གསོ་བཅོས་བྱས་ཏེ་ཁོང་ཚོའི་ནད་ཀྱི་སྡུག་བསྔལ་ཆུང་དུ་གཏོང་རོགས་བྱས་ཡོད་ཅེས་བཤད།

མེ་ཐབ་ཐོག་བཞུ་བཞིན་པའི་མར་ལ་ལྦུ་བ་ཆུང་ཆུང་ཞིག་འཕྱུར་བ་དང་། དངོས་ལུགས་སྨན་བཅོས་པས་བོད་སྨན་གྱི་སྨན་ཕྱེ་མར་ཁུའི་ནང་བླུགས་ནས་དཀྲུགས་རྗེས་རྒན་རྒོན་ཚོར་འཕུར་མཉེད་གཏོང་ཞོར་སྨན་བྱུག་གི་ཡོད་པ་རེད། སྨན་གྱི་ནུས་པའི་དབང་གིས་ན་ཟུག་འཇོམས་ཀྱི་ཡོད་པས་རྒན་རྒོན་ཚོའི་དགོད་སྒྲ་ཡང་ཇེ་ཆེར་འགྲོ་བཞིན་ཡོད།

ཀ་ལེབ་གྲོང་ཚོའི་གྲོང་མི་ཞིག་གིས་ང་ཚོ་ཀ་ལེབ་གྲོང་ཚོར་གྲུམ་བུའི་ནད་ཕོག་མཁན་ཅུང་མང་པོ་ཡོད་རྐྱེན་དུས་རྒྱུན་ང་ཚོས་ཁྱིམ་དུ་སྨན་བཅོས་བྱེད་ཀྱི་ཡོད། ཐེངས་འདིར་སྨན་བཅོས་ཚོགས་པ་འདིར་ཕེབས་ནས་ང་ཚོར་གྲུམ་བུའི་ནད་སྨན་བཅོས་བྱེད་པའི་སྦྱར་སྨན་དང་། ད་དུང་ང་ཚོར་རིན་མེད་ངང་དངོས་ལུགས་གསོ་བཅོས་དང་འཕུར་མཉེད་བཏང་བས་ངར་དྲག་སྐྱེད་ཆེན་པོ་བྱུང་བའི་ཚོར་སྣང་བྱུང་བས།ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

2014ལོར་ལྷུན་གྲུབ་རྫོང་གཅེས་སེམས་བརྒྱུད་སྤྲོད་ས་ཚིགས་འདི་བཙུགས་པ་ནས་ད་བར་དང་བླངས་ཞབས་ཞུའི་རྣམ་གྲངས་ཆེ་ཆུང་200ལྷག་ཙམ་སྤེལ་ཡོད། དང་ཐོག་གི་དངོས་ཟོག་བསྡུ་རུབ་བྱེད་པ་ནས་བཟུང་། དངོས་ཟོག་ཞལ་འདེབས་དང་།གནད་སྨིན་རོགས་སྐྱོར།སློབ་གསོའི་རྒྱབ་སྐྱོར་བཅས་ཟུང་འབྲེལ་གྱི་ཕྱོགས་གསུམ་གཞི་གཅིག་ཅན་གྱི་ཞབས་ཞུའི་མ་ལག་རིམ་བཞིན་རྒྱ་ཆེར་བཏང་བ་དང་། རིམ་རྩིས་བྱས་ན་གྱོན་ཆས་ཁྲི་བརྒྱ་ལྷག་ཙམ་དང་། སློབ་སྦྱོང་ཡོ་བྱད་སྒམ་ཆིག་སྟོང་ཙམ། དཔེ་དེབ་ཁྲི་གཅིག་ལྷག་ཙམ་བཅས་སྤྲད་པར་མ་ཟད།ད་དུང་རྫོང་དེ་ཡོངས་ཀྱི་ཤང་9དང་གྲོང་རྡལ་1གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། མི་ཧྲེང་རྒན་རྒོན། སློབ་མའི་ཚོགས་སྤྱི་བཅས་ལ་རོགས་སྐྱོར་བྱས་ཡོད།

ཚེ་རིང་དཔལ་མོས་དེ་སྔོན་གཅེས་སེམས་བརྒྱུད་སྤྲོད་ས་ཚིགས་ཀྱི་དངོས་ཟོག་ཡོང་ཁུངས་རྐྱང་པ་ཡིན་པ་དང་། རྗེས་སུ་ཚང་མས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་དངོས་ཟོག་གྲབས་གསོག་བྱེད་སྟངས་རིམ་བཞིན་ཕུན་སུམ་ཚོགས་སུ་བཏང་ཡོད། ད་ཆ་པེ་ཅིང་དང་། ཅང་སུའུ། ཧྲེན་ཀྲེན། ཐའེ་ཡོན་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་གཅེས་སེམས་སྒྲིག་གཞི་དང་། ཁེ་ལས། མི་སྒེར་བཅས་ཚང་མས་སེམས་རྩ་འཁོལ་པོས་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་། དངོས་ཟོག་གི་ཡོང་ཁུངས་དང་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས་གཅེས་སེམས་བརྒྱུད་སྤྲོད་ས་ཚིགས་ཀྱི་འཁོར་སྐྱོད་ཀྱང་ཇེ་ཡག་ཏུ་ཕྱིན་ཡོད་ཅེས་བཤད།

དྲོད་འཇམ་གྱི་ཉི་འོད་ས་གཞིར་འཕྲོ་བ་དང་། གཅེས་སེམས་ཀྱི་མྱུ་གུ་སེམས་ནང་དུ་འབུས།ཆུ་ཕྲན་འདུས་ནས་རྒྱ་མཚོ་གྲུབ་ཅེས་པ་ལྟར་ད་ཆ་ལྷུན་གྲུབ་རྫོང་གི་གཞོན་ནུ་དང་བླངས་ཞབས་ཞུ་ཚོགས་པ་སྔར་བས་སྟོབས་ཆེར་སོང་ནས་དང་བླངས་དམར་པོ་ཞེས་པའི་གཟུགས་བརྙན་གྱིས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་མུ་མཐུད་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།

གུང་གཞོན་སྡེ་ཚོགས་ལྷུན་གྲུབ་རྫོང་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣ་ཚེ་རིང་ལྷ་སྐྱིད་ཀྱིས་དང་བླངས་ཞབས་ཞུའི་ནང་ཞུགས་པ་བརྒྱུད། དང་བླངས་ཞབས་ཞུའི་ལས་དོན་སྤེལ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་བྱུང་བས། ཕྱིས་འབྱུང་གི་ལས་དོན་ཁྲོད། ངས་སེམས་ནུས་ཡོད་རྒུས་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དེ་བས་མང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཤེ་ཁྲང་མའོ་ཡིས་དང་བླངས་ཞབས་ཞུའི་སྙིང་སྟོབས་ཀྱིས་ངའི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཐེབས་བྱུང་ལ། ང་དང་བླངས་ཞབས་ཞུའི་དུས་ཚོད་ཐིམ་ནས་ལས་གནས་གཞན་དུ་སླེབས་ཀྱང་ངས་རོགས་རམ་བྱེད་དགོས་པའི་མིར་དུས་ཐོག་ཏུ་རོགས་རམ་བྱེད་ཀྱི་ཡིན། ངས་ཐོག་མཐའ་བར་གསུམ་དུ་དང་བླངས་ཞབས་ཞུའི་སྙིང་སྟོབས་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197853.html 1 /enpproperty-->