分享按钮

རང་གྲོང་གི་རྫོང(ཆུས)ཁག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་བྲེལ་བ།

(པར་ངོས་དང་པོར་མཐུད)གཙོ་གཉེར་བྱས་པའི་གནའ་བོའི་ཉམས་འགྱུར་རྒྱུན་འཛིན་དང་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལེའུ་གསར་པ་རྩོམ་ཞེས་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་2025ལོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་དེ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྣམ་པར་གྲོང་ཚོར་སྤེལ་ཡོད། གྲོང་མིས་ལུས་ལ་གཟབ་མཆོར་ལེཊ་པར་སྤྲས་ཤིང་། གདོང་ལ་དགའ་སྤྲོའི་འཛུམ་མདངས་དང་རེ་སྒུག་གིས་ཁེངས་བཞིན་གནས་དེར་འཛོམས་ཏེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་སྤེལ་བ་བརྒྱུད། ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པ་དང་བང་མཛོད་འབྲུ་ཡིས་ཁེངས་པའི་སྨོན་འདུན་ཞུས་ཡོད།

ཐེངས་འདིའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོའི་ཁྲོད་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་སྤྱད་པ་དང་།རྨོད་གཉའ་གཅོག་པ་དང་། ས་བོན་འདེབས་པ། ཞིང་ལས་འཕྲུལ་ཆས་ཀྱིས་ཞིང་རྨོ་བ། ཕ་མ་དང་བུ་ཕྲུག་གིས་མངོན་མེད་རིག་གནས་ཤུལ་བཞག་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་བཅས་ལྷུ་ཚིགས་ཁག་བཞི་རུ་དབྱེ་ཡོད། སྲོལ་རྒྱུན་དང་དེང་རབས་གཉིས་མཉམ་འདྲེས་བྱས་ནས་ཞིང་ལས་རིག་གནས་ཀྱི་གཏིང་ཟབ་པའི་རྨང་གཞི་གང་ལེགས་མངོན་པར་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྣམ་པར་གྲོང་ཚོའི་གྲོང་མི་ཞིག་གིས་ཞིང་ལས་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་འཕྲུལ་ཆས་ཅན་གྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། སྔོན་ཆད་ང་ཚོས་དཔྱིད་རྨོད་དཔྱིད་འདེབས་བྱེད་སྐབས་ཕྱུགས་ཟོག་དང་མི་ཤུགས་ལ་བརྟེན་ནས་ཉིན་འགའི་ནང་གཞི་ནས་ལེགས་འགྲུབ་བྱེད་ཐུབ་མོད། ད་ལྟ་མགྱོགས་ལ་སྟབས་ཀྱང་བདེ་པོ་ཡོད། དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་རེད། དེར་བརྟེན་རིམ་ཁག་ཚན་པར་ཆེད་མངགས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འདི་ལོར་ལོ་ལེགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

ཚེས་16ཉིན་གྱི་སྔ་དྲོ། ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོར་དྲོ་ཞིང་འཇམ་པའི་ཉི་འོད་རབ་ཏུ་འཕྲོ་ཞིང་། དགའ་སྤྲོ་དང་རེ་བས་ཁེངས་པའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་ཞིག་གྲོང་མི་ཚོའི་སེམས་ཀྱི་རེ་སྨོན་ཆེན་པོའི་ཁྲོད་འཁྲུག་ཆ་དོད་པོའི་སྒོ་ནས་འགོ་ཚུགས་ཤིང་། གྲོང་མི་ཚོས་བྱང་ཆ་ལྡན་པའི་སྒོ་ནས་རང་རང་གི་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ཞིང་ཁའི་ཕྱོགས་སུ་བསྐྱོད་དེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་དངོས་སུ་འགོ་ཚུགས་ཡོད། ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་ཚོགས་ཆུང་བཞི་པའི་གྲོང་མི་ལྷག་པས་སྔོན་ཆད་ཕྱུགས་ཟོག་ལ་བརྟེན་ནས་དཔྱིད་རྨོད་དཔྱིད་འདེབས་བྱེད་སྐབས་ངལ་རྩོལ་གྱི་དུས་ཚོད་རིང་བ་དང་ལས་ཕྱོད་ཀྱང་མཐོ་པོ་མེད། ད་ལྟ་རྒྱལ་ཁབ་ཀྱིས་བཏོན་པའི་ཞིང་པར་ཕན་པའི་སྲིད་ཇུས་ཁག་གི་གཟིགས་སྐྱོང་ལ་བརྟེན་ནས་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་ཕྱིན་ཡོད་པ་དང་ལས་ཕྱོད་ཀྱང་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ཅེས་བཤད།

ཚེས་16ཉིན་གྱི་སྔ་དྲོ། ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོ་དང་བོད་ལྗོངས་ཨ་རག་རྒྱལ་པོའི་ཆང་ལས་འགན་འཁྲི་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་ནས་ཀྱི་ཐོན་ལས་དར་རྒྱས་དང་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ཞེས་པ་གཙོ་དོན་དུ་བཟུང་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་སྤེལ་བ་རེད། ཡུལ་དངོས་སུ་ས་མཐོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་རིག་གནས་དང་དམངས་སྲོལ་གོམས་སྲོལ་མཉམ་འདྲེས་གཏིང་ཟབ་བྱས་ནས་མང་ཚོགས་ཀྱིས་གནམ་གཤིས་བཟང་ལ་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བ་བརྒྱུད་སྤེལ་བྱས་ཡོད། དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་མཇུག་སྒྲིལ་རྗེས། བོད་ལྗོངས་ཨ་རག་རྒྱལ་པོའི་ཆང་ལས་འགན་འཁྲི་ཚད་ཡོད་ཀུང་སི་དང་། མཚོ་སྟོད་ཤང་སྲིད་གཞུང་། དེ་བཞིན་ལྷུན་གྲུབ་གྲོ་ནས་འདེབས་གསོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཅས་ཀྱི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དང་ནས་ཉོ་འཚོང་གི་གྲོས་མཐུན་བཞག་ནས་རྒྱུ་ཆ་མཁོ་སྤྲོད་ཀྱི་སྦྲེལ་ཐག་གི་བརྟན་བརླིང་རང་བཞིན་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་འདེབས་གསོ་ཡག་པོ་དང་། བསྡུ་ལེན་ཡག་པོ། ཕྱིར་འཚོང་བརྟན་པོ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

དེ་དང་ཆབས་ཅིག་ཉིན་དེའི་སྔ་དྲོ། རྣམ་པར་བཀྲ་བའི་དུས་བཞི་དང་ཕུན་སུམ་ཚོགས་པའི་ལྷུན་གྲུབ་ཅེས་པའི་2025ལོའི་འབྱུང་ཁམས་སྒྱུ་རྩལ་མཉམ་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་དང་། ང་དང་མཉམ་དུ་དཔྱིད་རྨོད་དཔྱིད་འདེབས་བྱེད་ཅེས་པའི་ཞིང་ལས་ཡུལ་སྐོར་ཉམས་ལེན་གྱི་བྱེད་སྒོ་དེ་བྱང་ཁ་གྲོང་ཚོར་སྤེལ་ཏེ་བྱ་ཁ་ཤང་གི་ལོ་གསར་པའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་འགོ་དངོས་སུ་ཚུགས་ཡོད། གྲོང་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་མཛེས་རྒྱན་སྤྲས་པའི་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ཞིང་ཁའི་ཕྱོགས་སུ་བསྐྱོད་པ་རེད།

ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ནང་འདྲེན་བྱས་པ་དང་། ཚན་རིག་དང་མཐུན་པའི་འདེབས་འཛུགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་བ་བརྒྱུད། ཞིང་ལས་ཐོན་ལས་ཀྱི་བཀོད་སྒྲིག་མུ་མཐུད་ལེགས་སུ་བཏང་ནས་ཞིང་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད། ལྷུན་གྲུབ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་ཅུས་ཀྲང་ཁྲེན་ཀྲི་ཀྲུང་གིས་2024ལོར་ལྷུན་གྲུབ་རྫོང་དུ་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། འབྲུ་རིགས་ཐོན་སྐྱེད་ཀྱི་ཐོན་འབབ་ཆེན་པོ་བྱུང་ཡོད། 2025ལོར་ལྷུན་གྲུབ་རྫོང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་སྟེ། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་མཐའ་འཁྱོངས་བྱས་ཏེ་ལོ་ཧྲིལ་པོའི་འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལ་མུའུ་ཁྲི་16.54ཟིན་རྒྱུ་དང་། སྔོན་དཔག་བྱས་པ་ལྟར་ན། ཟླ་5པའི་ཟླ་དཀྱིལ་དུ་དཔྱིད་རྨོད་དཔྱིད་འདེབས་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཉིན་དེར། ཁྲེང་ཀོན་ཆུས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་དེ་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་བཞི་པར་འཚོགས་ནས་ལོ་གསར་པའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་འགོ་ཚུགས་ཡོད། ཞོགས་པ་སྔ་མོ་ནས་གྲོང་མི་རྣམས་ཀྱིས་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བ་དང་། ལོ་རེ་བཞིན་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་བཟང་པོ་སེམས་ལ་བཅངས་ནས་མཛེས་སྤྲས་ཞིབ་ཚགས་བྱས་པའི་འདྲུད་འཐེན་འཕྲུལ་འཁོར་བཏང་སྟེ་ཞིང་ནང་དུ་ཡོང་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་འགོ་བརྩམས་པ་རེད།

ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་བཞི་པའི་གྲོང་མི་ཚེ་རིང་རྡོ་རྗེ་ཡིས་དཔྱིད་འདེབས་ཀྱི་ས་བོན་ནི་ཁྲེང་ཀོན་ཆུས་ཞིང་ལས་གྲོང་གསེབ་དང་ཆུ་བེད་ཅུས་ཀྱིས་ས་ཆ་གཞན་ནས་ཉོ་སྒྲུབ་བྱས་ནས་སྤྲད་པ་ཞིག་ཡིན་པར་མ་ཟད། ད་དུང་ང་ཚོར་ལག་རྩལ་ཐད་མཛུབ་སྟོན་བྱས་ནས་ཞིང་ལས་ཐད་ལོ་ལེགས་ཡོང་བར་འགན་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་བསྟུན་ནས་ཞིང་པ་གྲོགས་པོ་ཚོས་ཧུར་བརྩོན་ཆེན་པོས་དཔྱིད་རྨོད་དཔྱིད་འདེབས་ཡག་པོ་བྱས་ནས་གནམ་གཤིས་བཟང་ལ་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

ཉིན་དེར། ས་གནས་འདིའི་ཞིང་ལས་རིག་གནས་ལ་ཡ་མཚན་སྐྱེས་ཤིང་རེ་སྒུག་བྱེད་པའི་ཡུལ་སྐོར་བ་དང་ཡང་ན་ས་གནས་གཞན་དག་ནས་ཡོང་བའི་མི་རྣམས་ཀྱིས་དམིགས་བསལ་གྱི་ཞིང་ལས་ཀྱི་མཛད་སྒོར་མྱོང་ཚོར་བྱེད་ཀྱི་ཡོད་པ་རེད། ཡུལ་སྐོར་བ་ཝན་ཅུན་གྱིས་ཞིང་ལས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ལ་ཉམས་ལེན་བྱེད་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོས་ཞིང་ལས་ཐད་ཀྱི་ཤེས་བྱ་མང་པོ་ཤེས་རྟོགས་ཐུབ་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197852.html 1 རང་གྲོང་གི་རྫོང(ཆུས)ཁག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་བྲེལ་བ། /enpproperty-->