ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྙེ་མོ་རྫོང་གི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ཁུལ་གྱི་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་པའི་རྨང་གཞི་བརྟན་དུ་གཏོང་ཆེད། སྙེ་མོ་རྫོང་སྤྱི་བདེ་ཅུས་ཀྱིས་གྲོང་གསེབ་ཏུ་སྦག་སྦག་གི་ཁ་ལོ་བའི་རྒྱུགས་སྤྲོད་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལྗོངས་དང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཕྱོགས་གང་ས་ཅི་ཐད་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
སྙེ་མོ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་རང་འགུལ་ངང་ཞིང་ལས་བྲེལ་འཚུབ་ཆེ་བའི་ཞོར་ལ་སློབ་སྦྱོང་ཚོགས་ཆུང་བཙུགས་ཤིང་། ཤང(གྲོང་རྡལ)ཁག་གི་རིགས་པའི་གཞུང་ལུགས་གཅིག་སྡུད་སློབ་སྦྱོང་བྱ་ཡུལ་དུ་མང་ཚོགས་རང་འགུལ་ངང་འཛོམས་ཏེ་བློ་རྩེ་གཅིག་སྒྲིམ་ངང་སྦག་སྦག་གཏོང་བའི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་མཐོང་ཐུབ།
མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་བ་དང་། རྒྱ་སྐད་ལ་གོ་བ་ལེན་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཇ་འཐུང་ཞོར་དུ་སློབ་ཚན་ཁྲིད་པའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་པ་དང་། བོད་སྐད་རྣམ་པའི་སློབ་ཁྲིད་རུ་ཁག་བཙུགས་ནས་མང་ཚོགས་དང་མཉམ་དུ་ཇ་འཐུང་ཞོར་དུ་འགྲིམ་འགྲུལ་སྒྲིག་སྲོལ་སློབ་པ་བཅས་བྱས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཀྱི་སེམས་ནང་འཇགས་པར་བྱས་ཡོད། འདི་ལོའི་ཚུན་དུ་ཞིང་འབྲོག་པ་542རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ནང་ཞུགས་པ་དང་། མི་ཐེངས་742རིག་ཚན་ཁག་གི་ཡིག་རྒྱུགས་ནང་ཞུགས་ནས་ཡིག་རྒྱུགས་ལོན་ཚད་དེ་བརྒྱ་ཆ་75ཡན་ཟིན་ཡོད།
གཞན་ཡང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ད་དུང་ཤང(གྲོང་རྡལ)8དུ་སྦག་སྦག་རྒྱུགས་ར་བཙུགས་ཏེ་ཁ་ལོ་བའི་ཡིག་རྒྱུགས་གཏོང་བའི་ལྷུ་ཚིགས་ཀྱི་འགག་གནད་དང་དཀའ་གནད་ཐག་གཅོད་ཏན་ཏིག་བྱས་པས།ཞིང་འབྲོག་མང་ཚོགས་ལ་འགྲིམ་འགྲུལ་དོ་དམ་སྒྱུར་བཅོས་ལས་བྱུང་བའི་སྟབས་བདེ་ལོངས་སྤྱོད་ཐུབ་པར་བྱས་ཡོད་ལ། སྒོ་འགྲམ་གྱི་སྦག་སྦག་ཁ་ལོ་བའི་ཡིག་རྒྱུགས་ལས་མང་ཚོགས་ཕྱིར་སྐྱོད་དང་ལག་ཁྱེར་གཉེར་བའི་དཀའ་གནད་བསལ་བར་མ་ཟད། འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་སྲོལ་ཡང་རང་ལྗོངས་ཀྱི་གྲོང་གསེབ་ཏུ་དར་ཁྱབ་བྱུང་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社