ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་28ཉིན། བོད་ཀྱི་ལོ་གསར་གྱི་ཚེས་པ་གཅིག་ཉིན་ལྷ་ས་གྲོང་ཁྱེར་པར་ལེན་མཐུན་ཚོགས་དང་མལ་གྲོ་གུང་དཀར་རྫོང་པར་ལེན་ཡན་ལག་ཚོགས་པས་མཉམ་འབྲེལ་བྱས་ཏེ་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོར་ནང་མི་ལྷན་འཛོམས་ཀྱི་པར་བླངས་ནས་བོད་ཀྱི་ལོ་གསར་བསུ་བ་ཞེས་པ་གཙོ་དོན་དུ་བཟུང་ནས་སྤྱི་ཕན་གྱི་བྱེད་སྒོ་ཞིག་སྤེལ་བ་རེད། པར་ལེན་པ་ཚོས་ཡུལ་དེ་གའི་དུད་ཚང་མང་པོ་ཞིག་ལ་རིན་མེད་ངང་ནང་མི་ལྷན་འཛོམས་ཀྱི་པར་བླངས་ནས་ལོ་གསར་གྱི་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། འཁྲུག་ཆ་དོད་ལ་སྤྲོ་སྣང་གིས་ཁེངས། ཞོགས་པ་སྔ་མོ་ནས་ལྷ་ས་གྲོང་ཁྱེར་པར་ལེན་མཐུན་ཚོགས་ཀྱི་པར་ལེན་པ་ཚོས་ཆེད་ལས་ཀྱི་སྒྲིག་ཆས་ཁྱེར་ནས་དུད་ཚང་རེ་རེ་བཞིན་ནང་མི་ལྷན་འཛོམས་ཀྱི་པར་བླངས་པ་རེད། ཁོང་ཚོས་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་བཏོན་ནས་པར་ལེན་གྱི་ཟུར་ཚད་ལེགས་སྒྲིག་ཞིབ་ཚགས་བྱེད་པ་ནས་ངང་རྒྱུད་རིང་པོའི་སྒོ་ནས་མི་རེ་རེའི་གདོང་གི་འཛུམ་མདངས་དང་རྣམ་འགྱུར་ཡག་པོ་སྟོན་པ་སོགས་ཀྱི་ཐད་ཁྲིད་སྟོན་གང་ལེགས་བྱས་ཏེ་བདེ་སྐྱིད་ལྡན་པའི་ནང་མི་ལྷན་འཛོམས་ཀྱི་པར་ཡག་པོ་ཞིག་ལེན་རྒྱུར་བརྩོན་ལེན་བྱས་པ་རེད། པར་ལེན་པའི་ཆེད་ལས་མཛུབ་སྟོན་དང་ཞིབ་ཕྲའི་བཀོད་སྒྲིག་སོགས་ཕྱོགས་གང་ཅིའི་ཐད་ཕུན་སུམ་ཚོགས་པ་དང་། བྱེད་སྒོའི་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད།
པར་ལེན་པའི་བརྒྱུད་རིམ་ཁྲོད། དུད་ཚང་མི་འདྲ་བ་རེ་རེར་ཁྱད་ཆོས་མི་འདྲ་བ་རེ་རེ་ཡོད་པས་མི་རྣམས་ལ་སེམས་འགུལ་ཐེབས་པར་བྱས། ཐེངས་འདིའི་སྤྱི་ཕན་གྱི་བྱེད་སྒོས་དུད་ཚང་ཁག་ལ་བདེ་སྐྱིད་ལྡན་པའི་ནང་མི་ལྷན་འཛོམས་ཀྱི་དྲན་ཤེས་རྩ་ཆེན་རེ་བཞག་པར་མ་ཟད། ལོ་གསར་གྱི་སྨོན་འདུན་བཟང་པོར་དོན་སྙིང་ལྡན་པར་བྱས་ཡོད། ནང་མི་ལྷན་འཛོམས་ཀྱི་དུས་ཆེན་གལ་ཆེན་སྐབས། ལྷ་ས་གྲོང་ཁྱེར་པར་ལེན་མཐུན་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་པར་ཆས་ལ་བརྟེན་ཏེ་གཉེན་ཉེའི་བརྩེ་དུང་ཟབ་ཏུ་བཏང་ནས་བོད་ཀྱི་ལོ་གསར་རིང་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ལེགས་སྐྱེས་མི་འདྲ་བ་ཞིག་ཕུལ་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社