分享按钮

ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་ལེན་བསྟར་ནས་ལྷ་སའི་རྒྱང་ལམ་གསར་པའི་ཐོག་མཉམ་དུ་སྐྱོད།

ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།

2024ལོའི་ལྷ་སའི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་། དེས་བརྒྱུད་སྤྲོད་བྱས་པའི་སྙིང་སྟོབས་ནི་དཔྱིད་རླུང་འཇམ་པོ་ཞིག་དང་འདྲ་བར་ལྷ་སའི་ས་ཕྱོགས་གང་སར་ཁྱབ་ནས་ང་ཚོ་མི་ཚང་མའི་སེམས་སུ་རེ་བའི་མྱུ་གུ་འབུས་ཡོད། ཚོགས་འདུ་གཉིས་ཀྱི་དགོངས་དོན་ཁྲོད། ད་ལོའི་ང་ཚོའི་ལས་དོན་གྱི་དམིགས་ཚད་དང་ལས་འགན་གཙོ་བོ་དང་བྱ་སྤྱོད་སོགས་ཀྱི་ལམ་ཕྱོགས་ཁ་གསལ་བསྟན་ཡོད་པར་མ་ཟད། ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་ཞིག་ཀྱང་བཏོན་ཡོད། ལྷ་སའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་མི་སེམས་གཅིག་སྒྲིལ་གྱིས་བྱ་གཞག་ཡར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

ཚོགས་འདུ་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ལྷ་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། ཐབས་ཇུས་འདིས་ང་ཚོར་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རེ་བ་མཐོང་བར་བྱས་ཡོད། ང་ཚོ་ས་ཆ་འདིའི་སྟེང་དུ་འཚོ་བར་རོལ་བཞིན་ཡོད་པས་ལྷ་སར་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གནའ་བོའི་དགོན་པ་དང་། ལྐོག་གྱུར་དང་ངོ་མཚར་ལྡན་པའི་ངག་རྒྱུན། རང་བྱུང་མཛེས་ལྗོངས་སོགས་ནི་སྲིད་ན་དཀོན་པའི་རྩ་ཆེ་བའི་ནོར་བུ་ཡིན་པ་ཤེས་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་ཡུལ་སྐོར་བ་དེ་བས་མང་བ་བར་མཚམས་མེད་པར་ཡོང་བ་མཐོང་ཞིང་། ཡུལ་སྐོར་ཁྲོམ་ར་ཉིན་རེ་བཞིན་འཁྲུག་ཏུ་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་ཚོགས་འདུ་གཉིས་ཀྱིས་དེང་རབས་ཚན་རྩལ་སྤྱད་དེ་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་། ཁྱད་ཆོས་ལྡན་པའི་འདེབས་འཛུགས་གསོ་སྤེལ་རྟེན་གཞི་དང་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་གཏིང་ཟབ་ཏུ་བཏང་སྟེ་ཐོན་ལས་འཕེལ་རྒྱས་གཏོང་དགོས་པའི་ནན་གསུངས་གནང་ཡོད། ང་ཚོའི་ཉེ་འགྲམ་གྱི་ཞིང་འབྲོག་དམངས་མི་ཉུང་བ་ཞིག་གིས་ཚན་རྩལ་དང་ལེན་ཧུར་ཐག་བྱེད་འགོ་བརྩམས་ཤིང་། ཁོང་ཚོས་འདེབས་འཛུགས་དང་གསོ་སྤེལ་གྱི་ལག་རྩལ་གསར་པ་ནང་འདྲེན་བྱས་ཏེ་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་ཐོན་རྫས་ལས་སྣོན་དང་ཚོད་ལྟ་བྱས་པས་ཡོང་འབབ་རིམ་བཞིན་མང་དུ་འགྲོ་བཞིན་ཡོད། དེ་ལས་ཚོགས་འདུ་གཉིས་ཀྱི་ཁྲིད་སྟོན་དང་དམ་པོར་འབྲེལ་ན་ང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་ལེགས་པ་དང་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་བྱས་ཆོག་པ་མཚོན་ཐུབ།

དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཚོགས་འདུ་གཉིས་ཀྱི་གྲོས་གཞི་གཙོ་བོ་ཡིན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐད་ལས་རྣམ་བཞི་གཅིག་སྒྲིལ་དང་ཐབས་བདུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས། གྲོང་ཁྱེར་གྱི་ཁྲོམ་གཞུང་དེ་བས་གཙང་མར་གྱུར་ཡོད་པ་དང་། ཁྲོམ་རའི་སྒྲིག་ལམ་དེ་བས་ཚད་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོད་པ་དེ་ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱས་པ་དེས་སྔོན་ཆད་རྙིང་ཧྲུལ་ཡིན་པའི་ཁང་པ་རྣམ་པ་གསར་རྐྱང་དུ་བསྒྱུར་བ་དང་། འགྲོ་ལམ་ཁོད་སྙོམས་པ། ལམ་སྒྲོན་དེ་བས་གསལ་བ། སྡོད་གནས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ་བཅས་རེད། སློབ་གསོའི་ཁྱབ་ཁོངས་སུ། སློབ་གསོ་དང་འཕྲོད་བསྟེན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཉེ་འཁོར་གྱི་ཕྲུ་གུ་ཚོར་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དེ་བས་མང་བ་ཡོད་པ་དང་། སློབ་གྲྭའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། དགེ་རྒན་བརྗེ་རེས་ཀྱི་ལམ་སྲོལ་ལ་བརྟེན་ནས་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། སྨན་བཅོས་འཕྲོད་བསྟེན་ཐད་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པས་ནད་བརྟག་སྨན་བཅོས་བྱ་རྒྱུར་སེམས་ཁྲལ་བྱེད་པའི་དཀའ་གནད་བསལ་ཡོད། ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ནང་ཞུགས་དགོས་པའི་ཚོད་འཛིན་མེད་པར་བཟོས་ནས་ལྷ་སར་འབད་འཐབ་བྱེད་མཁན་ཚང་མ་བློ་བདེ་པོའི་ངང་སྨན་བཅོས་འགན་བཅོལ་ནང་ཞུགས་ཐུབ་པ་དེ་ནི་ཚོགས་ཆེན་གཉིས་ཀྱིས་ང་ཚོར་སྤྲད་པའི་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་ཞིག་རེད།

འབྱུང་ཁམས་སྲུང་སྐྱོང་ནི་ལྷ་ས་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་ཡིན། ཚོགས་འདུ་གཉིས་ཀྱིས་བློ་བརྟན་འགྱུར་མེད་ངང་འབྱུང་ཁམས་སྔོན་སྤེལ་དང་འབྱུང་ཁམས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུའི་ནན་གསུངས་གནང་ཡོད། ནམ་མཁའ་སྔོ་ཞིང་སྤྲིན་པ་དཀར་བ་དང་རི་བོ་སྔོ་ཞིང་ཆུ་མོ་དྭངས་པའི་ཁོར་ཡུག་ཏུ་ང་ཚོ་འཚོ་བ་རོལ་བཞིན་ཡོད་པས་འབྱུང་ཁམས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་མྱོང་ཚོར་གཏིང་ཟབ་བྱུང་ཡོད། ལོ་ཤས་རིང་། ང་ཚོས་སྲིད་གཞུང་གིས་ས་མཐོའི་འབྱུང་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ནམ་མཁའ་སྔར་བས་སྔོ་བ་དང་། ཆུ་མོ་སྔར་བས་དྭངས་པ། ས་གཞི་སྔར་བས་དྭངས་གཙང་བཅས་ཡོང་བའི་གྲུབ་འབྲས་མཐོང་བྱུང་། སྙིགས་མེད་གྲོང་ཁྱེར་བརྟན་པོའི་ངང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པས་ང་ཚོ་ཚང་མ་གད་སྙིགས་རིགས་དབྱེའི་ནང་ཧུར་ཐག་ཞུགས་ནས་ཉེ་འཁོར་གྱི་རྩྭ་རྩི་ཤིང་ཚང་མར་གཅེས་སྐྱོང་གང་ལེགས་བྱེད་དགོས། གང་ལགས་ཤེ་ན། ང་ཚོས་འབྱུང་ཁམས་ཁྱིམ་གཞིས་དེ་སྲུང་སྐྱོང་ཡག་པོ་བྱས་ཚེ་གཞི་ནས་མི་རབས་ནས་མི་རབས་བར་མཛེས་པའི་ཁོར་ཡུག་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་ཤེས་དགོས།

ཚོགས་འདུ་གཉིས་ཀྱི་དགོངས་དོན་གྱིས་ལྷ་ས་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་པར་མ་ཟད། ང་ཚོ་མི་ཚང་མའི་འབད་འཐབ་ལ་སྔར་བས་སྐུལ་སློང་བྱས་ཡོད། སྲིད་གཞུང་གིས་གྲོང་ཁྱེར་འཕེལ་རྒྱས་གཏོང་བ་དང་མི་དམངས་བདེ་སྐྱིད་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་པ་དང་ཆོད་སེམས་བརྟན་པོ་ཡོད་པ་ང་ཚོས་མཐོང་བྱུང་། ལྷ་སའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་ཚོགས་འདུ་གཉིས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀའི་ཁྲོད་དུ་མཉམ་འདྲེས་ཐུབ་པར་བྱེད་དགོས། རང་ཉིད་ཀྱི་ལས་གནས་ཐོག་འབད་བརྩོན་ཧུར་ཐག་བྱས་ཏེ་ཡུལ་སྐོར་ཞབས་ཞུ་དང་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་པའམ་ཡང་ན་གྲོང་ཁྱེར་འཛུགས་སྐྲུན་དང་འབྱུང་ཁམས་སྲུང་སྐྱོང་ནང་ཞུགས་པ་གང་ཡིན་རུང་ང་ཚོའི་འབད་བརྩོན་ཚང་མ་ལྷ་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཚོགས་འདུ་གཉིས་ཀྱི་དགོངས་དོན་གྱི་མཛུབ་ཁྲིད་འོག་ལྷ་སའི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་བྱས་ན། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ལྷ་སར་དབང་བའི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལྷ་སའི་ས་གཞི་ཆེན་པོའི་ཐོག་སྔར་ལས་གཟི་བརྗིད་ལྡན་པའི་སྒོ་ནས་འོད་སྟོང་འཕྲོ་ཐུབ་པ་དང་ང་ཚོའི་འབྱུང་འགྱུར་སྔར་ལས་དར་ཞིང་རྒྱས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོང་བར་བྱེད་དགོས།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-02 འདི་ག་ཚགས་པར་ཁང་གི་དཔྱད་གཏམ་པས། ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། 6 6 拉萨日报藏文 c197194.html 1 ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་ལེན་བསྟར་ནས་ལྷ་སའི་རྒྱང་ལམ་གསར་པའི་ཐོག་མཉམ་དུ་སྐྱོད། /enpproperty-->