分享按钮

བྱིས་པའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུར་དམིགས་ཏེ་གྲོང་ཁྱེར་བུད་མེད་དང་བྱིས་པའི་བྱེད་སྒོའི་ལྟེ་གནས་སུ་ཚོགས་འདུ་ཞིག་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུས་ལོ་ཆུང་གཞོན་ནུར་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་གཙོ་དོན་དུ་བཟུང་སྟེ་ཚོཊ་ཞུགས་མི་སྣས་བྱིས་པར་གནོད་འཚེ་གཏོང་བར་སྔོན་འགོག་དང་བཙན་གནོད་ལ་ངོ་རྒོལ་བྱེད་པ་སོགས་ལ་དམིགས་ནས་སྔོན་ཆད་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བྱིས་པར་སྲུང་སྐྱོབ་བྱེད་པའི་ལས་དོན་གྱི་གནད་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།

ཚོགས་འདུའི་ཐོག་བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས་2019ལོ་ནས་2024ལོའི་བར་ལོ་ཆུང་གཞོན་ནུར་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱི་གྲངས་གཞིར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། ལོ་མང་རིང་། ལོ་ཆུང་གཞོན་ནུར་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱིས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་བྱེད་སྟངས་བརྒྱུད་ནས་བྱིས་པའི་རང་སྲུང་གི་འདུ་ཤེས་ཆེ་རུ་གཏོང་བ་དང་གནོད་འཚེར་སྔོན་འགོག་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། དྲ་ཕྱིའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་ཞུགས་པའི་མི་ཐེངས་མུ་མཐུད་འཕར་བ་སྟེ། 2019ལོའི་མི་ཐེངས་902ནས་2024ལོའི་མི་ཐེངས་9043བར་འཕར་ཡོད། དེའི་རིང་། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་ཏུ་ལོ་ཆུང་གཞོན་ནུར་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱི་གནོད་འཚེར་སྔོན་འགོག་དང་བཙན་གནོད་ལ་ངོ་རྒོལ་བྱེད་པར་དམིགས་ནས་རང་སྲུང་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་ཐེངས་158སྤེལ་བ་རེད། བྱེད་སྒོ་དེ་དག་གིས་བྱིས་པ་ཚོའི་རང་སྲུང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། བཙན་གནོད་དང་གནོད་འཚེ་གཏོང་བའི་དོན་རྐྱེན་ཐོན་རྒྱུར་བཀག་འགོག་ནུས་ལྡན་ཐུབ་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་ཁྲིམས་ཁང་དང་པོའི་ཁྲིམས་དཔོན་པདྨ་སྒྲོལ་དཀར་གྱིས་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། མི་དམངས་ཁྲིམས་ཁང་གི་ནར་མ་སོན་པའི་ལས་ཀའི་འགན་འཁུར་བའི་སྡེ་ཚན་གྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་ངས་ནར་མ་སོན་པའི་མིའི་ལས་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ན་ནིང་གི་ལོ་མཇུག་ཏུ། ང་ཚོས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་མང་པོ་དང་མཉམ་དུ་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ས་ཚིགས་བཙུགས་ནས་སེམས་ཁམས་ཟུར་ཁྲིད་དང་། ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་། ཁྲིམས་འཛིན་ཡོ་བསྲང་སོགས་ཀྱི་ལས་དོན་སྤེལ་ཡོད། འབྱུང་འགྱུར་ང་ཚོས་ད་དུང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སྔར་བས་མཉམ་ལས་གཏིང་ཟབ་བྱས་ནས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་མི་སྣས་གྲོས་བསྡུར་ཧུར་ཐག་བྱས་ཤིང་། གྲངས་གཞི་ལས་མངོན་པའི་གནད་དོན་ལ་དམིགས་ནས་བསམ་འཆར་དང་ཐབས་ཇུས་བཏོན་པར་མ་ཟད། བསམ་འཆར་བསྡུ་ལེན་རེའུ་མིག་ནན་ཏན་གྱིས་རྒྱོང་བཞིན་ཡོད། ཚང་མས་བྱིས་པར་སྲུང་སྐྱོབ་བྱེད་པའི་ལས་དོན་དེ་ཚན་པ་མང་པོ་ཞིག་གིས་མཐུན་སྦྱོར་བྱེད་པ་དང་།ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཕྱོགས་ཡོངས་མཉམ་འབྲེལ་བྱས་ཏེ་སྲུང་སྐྱོབ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ལས་དོན་པ་ཚེ་བརྟན་ཆོས་སྒྲོན་གྱིས་ཁྲོམ་གཞུང་གཞུང་དོན་ཁང་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་ཚོགས་འདུས་ང་ཚོའི་སླད་ཕྱིན་གྱི་ལས་དོན་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྗེས་མཐུད་ང་ཚོའི་སྡེ་ཁུལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་བྱིས་པ་སྲུང་སྐྱོབ་བྱེད་པའི་ལས་དོན་རྒྱུན་ལྡན་ཅན་དུ་འགྱུར་བ་དང་གནད་ལ་འཁེལ་བའི་སྒོ་ནས་དགོས་མཁོར་གཞིགས་ནས་འབྲེལ་མཐུད་བྱས་ཏེ་མངའ་ཁོངས་ཀྱི་བྱིས་པ་ཚང་མར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་ཐེངས་འདིའི་ཚོགས་འདུའི་ཐོག་བསྡུ་རུབ་བྱས་པའི་བསམ་འཆར་དང་གྲོས་འགོ་གཞིར་བཟུང་སྟེ། 2025ལོའི་ལོ་ཆུང་གཞོན་ནུར་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་ལེགས་སུ་བཏང་སྟེ་མུ་མཐུད་གྲངས་གཞི་གཞིར་བཟུང་ནས་གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ཡག་པོ་འདོན་པ་དང་།ལོ་ཆུང་གཞོན་ནུར་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱི་ཕན་འབྲས་སྔར་བས་མཐོ་རུ་བཏང་ནས་བྱིས་པ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཐེངས་འདིའི་ཚོགས་འདུ་དེ་ནི་འདས་ཟིན་པའི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པར་མ་ཟད། 2025ལོའི་བྱིས་པ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཁ་ཕྱོགས་དེ་བས་གསལ་སྟོན་བྱས་པ་ཞིག་རེད། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚན་པ་ཁག་དང་མཉམ་ལས་དམ་ཟབ་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་བྱིས་པར་ཕྱོགས་ཡོངས་ཀྱི་བདེ་འཇགས་ཀྱི་འཛིང་རགས་བརྟན་དུ་བཏང་ནས་བྱིས་པ་ཚང་མ་སེམས་ཁྲལ་མེད་པའི་ཁོར་ཡུག་ཁྲོད་འཚར་ལོངས་ཡོང་བར་བྱ་རྒྱུ་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-26 6 6 拉萨日报藏文 c197223.html 1 བྱིས་པའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་དགོས། /enpproperty-->