(པར་ངོས་དང་པོར་མཐུད)གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་སྣང་ཚུལ་ངན་པ་བཀག་འགོག་ནུས་ལྡན་བྱ་ཆེད། ཅུས་དེས་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་འགལ་གཉེར་སྐྱོང་གི་འབྱུང་རྐྱེན་ལ་དབྱེ་ཞིབ་དང་བརྡར་ཤ་གཏིང་ཟབ་བཅད་དེ། སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་དང་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་ཁེ་ལས་སོགས་གཙོ་བོར་བཟུང་སྟེ་བཅོས་སྒྲིག་བྱ་རྒྱུ་ཁ་གསལ་བཟོས་པ་དང་སྦྲགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གསར་འགྱུར་འཕྲིན་སྤེལ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ནས་མང་ཚོགས་ཀྱིས་རང་འགུལ་ངང་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་དང་ཁྲིམས་ལྟར་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། 2024ལོའི་ཚུན་དུ་རིམ་རྩིས་བྱས་ན་དྲིལ་བསྒྲགས་དཔྱད་གཞི་4800ལྷག་ཙམ་སྤྲད་པ་དང་། སྨྱན་སྦྱོར་ལས་སྟེགས་ཐོག་ཆེད་དོན་འཕྲིན་སྤེལ་ཐེངས་13བྱས་པར་མ་ཟད། ཡུལ་སྐོར་བ་མང་བའི་དུས་སུ་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་ནང་མི་སྡོད་པའི་དྲིལ་བསྒྲགས་འཕྲིན་ཐུང་ཁྲི་20ལྷག་ཙམ་བསྐུར་ཡོད་པ་རེད།
ལྷ་སའི་སྣེའུ་འགྲུལ་སྐྱེལ་ས་ཚིགས་ཀྱི་ཁ་ལོ་བ་ཉི་མ་ཚེ་རིང་གིས་ཉེ་བའི་ལོ་ཤས་རིང་།ལྷ་སའི་འགྲིམ་འགྲུལ་ཁྲིམས་འཛིན་རུ་ཁག་གིས་རྒྱུན་རྣམ་ཅན་གྱི་ལག་ཁྱེར་མེད་པའི་རླངས་འཁོར(སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར)སོགས་ལ་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ་དེས་ང་ཚོའི་དུས་གཏན་འགྲུལ་སྐྱེལ་ལས་དོན་ལ་ཕན་པ་ཆེན་པོ་ཐོབ་བྱུང་། ཁོང་ཚོའི་རྒྱབ་སྐྱོར་དང་བཅོས་སྒྲིག་འོག ལག་ཁྱེར་མེད་པའི་རླངས་འཁོར་སོགས་ཟང་ཟིང་གི་གནད་དོན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་སོང་བས་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
གཞན་ཡང་། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་འགོ་འཛུགས་སར་བྱས་ནས་རིགས་ཁག་གི་འགྲོ་ལམ་སྐྱེལ་འདྲེན་གྱི་སྒྲིག་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་བ་རེད། ཐེར་འདོན་ཞུ་གཏུག་གི་ཐད་སྦྲེལ་ཁ་པར་12345ལ་བརྟེན་ནས་ཆུ་ཚོད་24རིང་སྒྲིག་འགལ་བྱེད་མཁན་གྱི་ཁུངས་སྣེ་བསྡུ་རུབ་བྱས་པ་དང་སྦྲགས། འཕྲལ་སྡོམ་ཚོགས་ཆུང་མངགས་ནས་ཞིབ་དཔྱད་ཐག་གཅོད་བྱས་པ་རེད། 2024ལོའི་ཚུན་དུ་རིམ་རྩིས་བྱས་ན་དྲ་འབོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་གྱི་ཞུ་གཏུག་ཁག་3996འབྱོར་བ་དང་། ཁག་3870ཐག་གཅོད་བྱས་ཟིན་པ་རེད། རྒྱུན་གཏན་གྱི་ལམ་ངོས་སུ་ཁྲིམས་འཛིན་བྱས་པའི་རྨང་གཞིའི་ཐོག་ཉིན་ལྟར་ཆུ་ཚོད་7ནས་23བར་གཙོ་གནད་ཐོག་ཡུལ་སྐོར་སྐྱེལ་འདྲེན་རླངས་འཁོར་ལ་དམིགས་ནས་ལམ་མདོ་གལ་ཆེན་ཁག་ཏུ་ཞིབ་བཤེར་བྱས་པ་དང་འབྲེལ། འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་དུ་གཟའ་འཁོར་རེར་གཙོ་གནད་ས་ཁོངས་སུ་མཚན་བཤེར་ཐེངས་2ནས་3བར་བྱས་པས་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་ཉུང་དུ་ནུས་ལྡན་ཕྱིན་ནས་དམངས་ཡོངས་ཀྱིས་མཉམ་བཅོས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་ཆེན་གསུམ་པའི་འགན་འཁུར་བ་ལྷག་པ་ཚེ་རིང་གིས་2025ལོ་ནས་བཟུང་། ང་ཚོས་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་38ལ་ཞིབ་བཤེར་དང་བཀག་ཉར་བྱས་པའི་ཁྲོད། སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་14དང་། སྒྲིག་འགལ་ངང་རླངས་འཁོར་བོགས་མར་གཏོང་མཁན་14 ལག་ཁྱེར་གཉིས་ཀ་མེད་པའི་དྲ་འབོད་རླངས་འཁོར་10བཅས་ཡོད། རྒྱ་ཆེའི་གྲོང་མི་དང་དེ་བཞིན་ཡུལ་སྐོར་བས་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་རླངས་འཁོར་ནང་སྡོད་རྒྱུའི་རེ་འབོད་བྱས་པ་དང་། གལ་ཏེ་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་གྱི་ཁུངས་སྣེ་ཁོང་དུ་ཆུད་ཚེ་དུས་ཐོག་ཏུ་ཁ་པར་12345ལ་བརྒྱབ་ནས་ཐེར་འདོན་གོང་ཞུ་བྱེད་ཆོག་ཅེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་གྲོང་དུ་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་རླངས་འཁོར་གྱི་སྣང་ཚུལ་ངན་པ་བཀག་འགོག་ནུས་ལྡན་ཐུབ་པ་དང་། གཙོ་གནད་ས་ཁོངས་ཀྱི་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་མཁན་གྱི་རླངས་འཁོར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཁྲིམས་མཐུན་གཉེར་སྐྱོང་བའི་གཉེར་སྐྱོང་ཁོར་ཡུག་ལེགས་སུ་ཕྱིན་པ། གཉེར་སྐྱོང་གི་ཡོང་འབབ་མང་དུ་ཕྱིན་པ་བཅས་རེད། དེ་དང་ཆབས་ཅིག་གྲོང་མིས་ཕྱིར་སྐྱོད་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་ཀྱང་ཆེ་རུ་ཕྱིན་ཡོད། ན་ནིང་གི་ལོ་མཇུག་བར། དྲ་འབོད་རླངས་འཁོར་གྱི་མངགས་ཐོ་གཉིས་ཀ་ཚད་མཐུན་ཡིན་ཚད་བརྒྱ་ཆ་81.82བར་མཐོ་རུ་ཕྱིན་པ་དང་། ཚད་མཐུན་གྱི་མངགས་ཐོའི་རླངས་འཁོར་གྱི་བསྡུར་ཚད་བརྒྱ་ཆ་71.47བར་མཐོ་རུ་ཕྱིན་པ། ཚད་མཐུན་གྱི་ཁ་ལོ་བའི་བསྡུར་ཚད་བརྒྱ་ཆ་79.61བར་མཐོ་རུ་ཕྱིན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་དཔོན་ཞུས་ཡོན་གྱིས་ཕྱིས་འབྱུང་།གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་པར་ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་དང་། རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་ནས་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་པའི་སྣང་ཚུལ་བསྐྱར་དུ་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་སྦྲགས། ང་ཚོས་ཚན་རྩལ་ཁྲིམས་འཛིན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་དང་མི་སྣ་གསོ་སྦྱོང་གཏིང་ཟབ་བྱེད་པ། དགོས་མཁོ་གཞིར་བཟུང་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲོམ་རའི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社