分享按钮

ཚལ་གུང་ཐང་ཁྲོམ་གཞུང་གི་ལོ་གསར་གྱི་མཁོ་ཆས་ཚོང་འདུས་འགོ་ཚུགས་པ།

ཁྲོམ་བཀྱག་150ནས་ལོ་གསར་གྱི་མཁོ་ཆས་འཚོང་བ།

པར་འདི་ནི་མང་ཚོགས་ཀྱིས་ཞིབ་ཚགས་ཀྱི་སྒོ་ནས་ལོ་གསར་གྱི་མཁོ་ཆས་འདེམས་ཉོ་བྱས་ནས་འཆར་ཉེར་ཡོད་པའི་བོད་ཀྱི་ལོ་གསར་ལ་གྲ་སྒྲིག་ཨང་གསར་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་11ཉིན། གྲོང་མིས་རེ་སྒུག་ཆེན་པོ་བྱེད་པའི་ཚལ་གུང་ཐང་ཁྲོམ་གཞུང་གི་ལོ་གསར་གྱི་མཁོ་ཆས་ཚོང་འདུས་དེ་དྲིན་སྐྱོང་གླིང་སྡེ་ཁུལ་དུ་འཁྲུག་ཆ་དོད་པོའི་སྒོ་ནས་འགོ་ཚུགས་པ་དང་།དེའི་ཐོག་ནས་བོད་ཀྱི་ལོ་གསར་གྱི་སྤྲོ་སྣང་དངོས་སུ་འགོ་ཚུགས་ཡོད། བོད་ཀྱི་ལོ་གསར་གྱི་གོམ་སྟབས་ཉིན་རེ་བཞིན་ནས་ཉིན་རེ་བཞིན་ཉེ་རུ་འགྲོ་བ་དང་ཆབས་ཅིག་ད་ཐེངས་ཀྱི་ཚོང་འདུས་ཐོག་གྲོང་མི་རྣམས་ཀྱིས་ལོ་གསར་ལ་བཅངས་པའི་རེ་བ་མཚོན་ཡོད་པས།ས་ཡུལ་དངོས་སུ་འཚང་ཁ་ཆེ་ཞིང་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་གིས་ཁེངས་ཡོད་པ་རེད།

ལོ་གསར་གྱི་མཁོ་ཆས་ཚོང་འདུས་ཐོག་སྐྱོད་སྐབས། གྲལ་སྟར་འགྲིག་པའི་ཁྲོམ་བཀྱག་150མིག་མདུན་དུ་མཐོང་རྒྱུ་ཡོད་པ་དང་། བགྲོད་ལམ་ཡངས་ཤིང་རྒྱ་ཆེ་ལ་གྲོང་མིར་སྐྱིད་སྣང་དང་སྟབས་བདེ་བའི་ཉོ་སྒྲུབ་ཀྱི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད། འདི་གར་གྲོང་མིར་ཉོ་སྒྲུབ་བྱེད་སྐབས་འགྲོ་སྐྱོད་བདེ་བླག་ཡོང་བའི་འགན་ལེན་བྱས་པར་མ་ཟད། འཕྲལ་སྡོམ་ཁ་འགྲེམས་ཐད་གྲ་སྒྲིག་གང་ལེགས་ཀྱང་བྱས་ཡོད་པ་རེད། ཁྲོམ་རའི་ནང་ཚོང་ཟོག་གང་སར་ཁྱབ་པ་དང་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ། མཛེས་སྡུག་ལྡན་པའི་རི་མོ་དང་ཞིབ་ཚགས་པའི་བཟོ་རྩལ་གྱིས་གྲོང་མི་མང་པོ་ཞིག་གི་ཡིད་དབང་བཀུག་ནས་མྱོང་རོལ་བྱེད་ཀྱི་ཡོད། ཀ་ར་སྣ་ཚོགས་དང་། ཤིང་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་གང་སར་འཐུལ་བཞིན་ཡོད་པས། མི་རྣམས་ཀྱིས་བྲོ་བ་མྱོང་འདོད་ཆེན་པོ་བྱེད་ཀྱི་ཡོད། ལོ་ཕུད་དང་ཁ་ཟས་སོགས་བོད་ལུགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཀྱིས་ཁྲོམ་བཀྱག་སྟེང་དུ་ཁེངས་ཡོད། མི་རིགས་ཀྱི་རིག་གནས་མཚོན་པའི་ཞིམ་ཟས་དེ་དག་ནི་བོད་ཀྱི་ལོ་གསར་ལ་མེད་དུ་མི་རུང་བའི་གཞི་རྒྱུ་ཞིག་ཡིན་པ་དང་ཕུན་སུམ་ཚོགས་པའི་ཟས་རིགས་ཀྱིས་གྲོང་མིའི་སྣ་མང་ཅན་གྱི་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་ཐུབ་ཡོད།

ཚང་མ་ཁྲོམ་བཀྱག་ཁག་གི་བར་དུ་བསྐྱོད་ནས་དགའ་སྤྲོའི་ངང་ལོ་གསར་གྱི་མཁོ་ཆས་འདེམས་བཞིན་ཡོད། བོད་ལུགས་ཀྱི་སྒོ་ཡོལ་འདེམས་བཞིན་པའི་གྲོང་མི་གཡང་འཛོམས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། ཁོང་གིས་གྲོང་ཁྱེར་ནང་དུ་ལོ་གསར་གྱི་མཁོ་ཆས་ཉོ་བར་བསྐྱོད་ན་དེ་འདྲའི་སྟབས་བདེ་མེད། ད་ལྟ་སྒོ་འགྲམ་ནས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཉོ་ཐུབ་པས། ཚོར་སྣང་ལའང་ཧ་ཅང་སྟབས་བདེ་ལ་ལོ་གསར་གྱི་རྣམ་པས་ཁེངས་འདུག་ཅེས་བཤད། ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁྱབ་པ་དང་འཁྲུག་ཆ་དོད་པའི་ལོ་གསར་གྱི་རྣམ་པས་ཁེངས་ཡོད།

ད་ཐེངས་ཚལ་གུང་ཐང་ཁྲོམ་གཞུང་གི་ལོ་གསར་གྱི་མཁོ་ཆས་ཚོང་འདུས་དེ་ཟླ་2ཚེས་25ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་དུས་ཡུན་ཉིན་15ཡིན་པ་རེད། ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་མུ་མཐུད་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་ལོ་གསར་ལ་སྤྲོ་སྣང་དང་ཞི་མཐུན་གྱི་རྣམ་པ་ཧུར་ཐག་བསྐྲུན་ནས་གྲོང་མི་མང་ཚོགས་ཀྱིས་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་པ་དང་ཆབས་ཅིག་དུས་ཆེན་གྱི་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་དང་། ཐུན་མོང་ཐོག་ལོ་གསར་གྱི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་གཏོད་ཐུབ་པར་བྱ་རྒྱུ་ཡིན་པ་རེད།

ཁྲོམ་བཀྱག་གི་བདག་པོ་གཡང་ལགས་ཀྱིས་ན་ནིང་ཚལ་གུང་ཐང་ཁྲོམ་གཞུང་དྲིན་སྐྱོང་གླིང་སྡེ་ཁུལ་གྱིས་གྲུབ་འབྲས་ཐོབ་པའི་ངང་གཉེར་བའི་ལོ་གསར་གྱི་མཁོ་ཆས་ཚོང་འདུས་ལས་ང་ཚོ་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པ་དེ་དག་ལ་ཡོང་འབབ་ཧ་ཅང་ཆེན་པོ་བྱུང་ཡོད། ལྷག་པར་དུ་མི་རྣམས་དགའ་འོས་པ་ཞིག་ནི་སྡེ་ཁུལ་གྱིས་ང་ཚོར་རིན་མེད་ངང་ཁྲོམ་བཀྱག་མཁོ་འདོན་བྱས་ཡོད་པས། ཚལ་གུང་ཐང་ཁྲོམ་གཞུང་དང་དྲིན་སྐྱོང་གླིང་སྡེ་ཁུལ་གྱིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 ཁྲོམ་བཀྱག་150ནས་ལོ་གསར་གྱི་མཁོ་ཆས་འཚོང་བ། 6 6 拉萨日报藏文 c196331.html 1 ཚལ་གུང་ཐང་ཁྲོམ་གཞུང་གི་ལོ་གསར་གྱི་མཁོ་ཆས་ཚོང་འདུས་འགོ་ཚུགས་པ། /enpproperty-->