分享按钮

ལྷ་ས་གྲོང་ཁྱེར་གྱི་ཆུ་བེད་བྱ་གཞག་གི་འཕེལ་རྒྱས་དང་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

(པར་ངོས་དང་པོར་མཐུད)མི་དང་ཆུ་མཉམ་གནས་ཀྱི་ཞི་མཐུན་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ནས་རང་བྱུང་ཁམས་དང་བར་ཐག་ཉེ་བའི་བར་སྟོང་བསྐྲུན་ཡོད། དེས་ལྷ་ཞབས་གླིང་ཕྲན་གྱི་ནང་ཁུལ་ཆུ་བོའི་འབྱུང་ཁམས་དང་། གནས་འཕྲོད། སྤྲོ་གསེང་རོལ་རྩེད་སོགས་ཀྱི་རིག་གནས་ཀྱི་ནང་དོན་དང་ཁྱད་ཆོས་ལྡན་པའི་རྣམ་པ་མངོན་ཡོད་པར་མ་ཟད། ད་དུང་གྲོང་མིར་འབྱུང་འཕྲོད་ཀྱི་བདེ་སྐྱིད་དེ་བས་མང་བ་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་འཕྲོད་བཅོས་སྐྱོང་ལས་གྲྭའི(དུས་ཐེངས་གཉིས་པ)རྣམ་གྲངས་ཡན་ལག་ལས་གྲྭ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཉི་དྲོ་གླིང་རྒྱུག་ཆུ་སྤྱི་གླིང་གིས་ཆུ་གཙོ་བོར་བྱས་ཏེ་གྲོང་ཁྱེར་དུ་སྤྲོ་སྐྱིད་གླིང་ག་བསྐྲུན་རྒྱུར་ཇུས་འགོད་བྱས་པའི་ཁྲོད་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ལེགས་པར་སྤྱད་ཡོད། སྔོ་ལྗང་མཉམ་འདྲེས་དང་ཆུ་གླིང་གར་དྲངས་ཏེ་གྲོང་ཁྱེར་གྱི་ཆུ་དྲའི་འབྱུང་ཁམས་གསོ་སྐྱོང་དང་། མཉམ་འབྲེལ་སྦྲེལ་མཐུད། ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་སྔར་བས་ལེགས་སུ་བཏང་ཡོད།

རྣམ་གྲངས་ཀྱི་དོ་དམ་པ་ཀྲང་ཝུའེ་ཡིས་སྤྱི་གླིང་གི་གཙོ་གཞི་ལེཊ་གྲུབ་ཟིན་པར་མ་ཟད། ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད། སྤྱི་གླིང་གི་རྒྱ་ཁྱོན་ཆེན་པོ་མེད། ཡིན་ནའང་། ཁྱད་ཆོས་མངོན་གསལ་དོད་པོ་ཡོད། རྣམ་གྲངས་ལག་བསྟར་བྱས་པ་དེས་གྲོང་ཁྱེར་གྱི་རྣམ་པ་ལེཊ་སུ་ཕྱིན་པར་མ་ཟད། ད་དུང་མཐའ་འཁོར་གྱི་གྲོང་མིར་མཛེས་ལྗོངས་ལ་ལྟ་སྐོར་དང་སྤྲོ་གསེང་བྱ་ཡུལ་ཞིག་མཁོ་འདོན་བྱས་ནས་ལྷ་སར་འཚོ་སྡོད་དང་། ལས་གཏོད།ཡུལ་སྐོར་བཅས་ལ་འཚམ་པའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་བཏོད་ཡོད་ཅེས་བཤད།

2024ལོའི་ཟླ་10ཚེས་1ཉིན། སྤྱི་གླིང་སྒོ་ཕྱེས་པ་ནས་བཟུང་། ཉིན་ལྟར་གྲོང་མི་མང་པོ་ཞིག་སྤྱི་གླིང་དུ་འཆམ་འཆམ་བྱེད་པར་ཡོང་ནས་དྭངས་གཙང་གི་མཁའ་རླུང་ལོངས་སྤྱོད་བྱེད་པ་དང་ལུས་སེམས་ལྷོད་གཡེང་གིས་སྐྱིད་སྣང་ཚོར་གྱི་ཡོད་པ་རེད། སྤྱི་གླིང་གིས་གྲོང་ཁྱེར་ལ་ཚད་མེད་ཀྱི་གསོན་ཤུགས་དང་རང་བྱུང་གི་ཡིད་དབང་འཕྲོག་ཤུགས་ཁྱེར་ཡོང་ནས་གནས་འཕྲོད་གྲོང་ཁྱེར་གྱི་མཛེས་སྡུག་དངོས་སུ་མངོན་པར་བྱས་ཡོད་ཅེས་བཤད་པ་རེད།

ལྕགས་རོང་སྡེ་ཁུལ་གྱི་ཚན་ཁག་ཡོངས་ཀྱི་སྤྱི་ཚོགས་ལས་བཟོ་པ་ཕུར་བུ་བཀྲ་ཤིས་ཀྱིས་འདི་ནི་ལྕགས་རོང་སྡེ་ཁུལ་གྱི་འབྱུང་ཁམས་གཙོ་དོན་དུ་བྱས་པའི་སྤྱི་གླིང་དང་པོ་ཡིན། སྤྱི་གླིང་དེས་གྲོང་མིར་སྤྲོ་གསེང་རོལ་རྩེད་བྱ་ཡུལ་དང་མཉམ་འགུལ་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད། ད་དུང་འབྱུང་ཁམས་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད། སླད་ཕྱིན་སྡེ་ཁུལ་གྱིས་སྤྱི་གླིང་མུ་མཐུད་འཕེལ་རྒྱས་བཏང་ནས་གྲོང་མི་མང་ཚོགས་ལ་ངལ་གསོ་ཐུབ་པར་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཡང་སྤེལ་ཐུབ་པའི་གནས་ཤིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

2024ལོར་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཆེན་པོ་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། རིམ་པ་ཁག་གི་ཆུ་དཔོན་དང་མཚེའུ་དཔོན་གྱི་ལས་ཀའི་འགན་འཁྲི་སྔར་བས་དམ་ཟབ་བྱས་ནས་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་གསེབ་བཅས་ཀྱི་ཆུ་དཔོན་དང་མཚེའུ་དཔོན་485ཡིས་དུས་ཚིགས་དང་པོར་ཆུ་བོ་དང་མཚེའུ་ལ་སྐོར་ཞིབ་བྱས་པའི་ལམ་ཐག་སྤྱི་ལེ་ཁྲི་5.82ལྷག་ཙམ་ཟིན་ཅིང་། གད་སྙིགས་དང་ཆུ་ཁར་གཡེང་པའི་དངོས་པོ་ཏུན་1000ལྷག་ཙམ་གཙང་སེལ་བྱས་པ་རེད།

གྲོང་ཁྱེར་གྱི་ཆུ་རྒྱུད་ནི་གྲོང་ཁྱེར་གྱི་ཁྲག་རྒྱུན་དང་འདྲ་ཞིང་། གནས་འཕྲོད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་འགག་རྩའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། ཆུ་དཔོན་དང་མཚེའུ་དཔོན་ནི་གྲོང་ཁྱེར་གྱི་ཆུ་རྒྱུད་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པས་གནས་འཕྲོད་གྲོང་ཁྱེར་བསྐྲུན་པའི་འགྲུལ་བཞུད་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ཁོང་ཚོས་གྲོང་ཁྱེར་གྱི་ཆུ་རྒྱུད་ལ་བདག་སྐྱོང་གང་ལེགས་བྱས་ཏེ་གྲོང་ཁྱེར་གྱི་ཆུ་རྒྱུད་དེ་ཆུ་བོ་དལ་བུར་རྒྱུག་པ་དང་། ཆུ་དྭངས་པ། ཆུ་ངོགས་སྔོ་ལྗང་། ཡུལ་ལྗོངས་མཛེས་པ་སོགས་མཛེས་ཤིང་ཡིད་དུ་འོང་བའི་འདུན་པ་རིམ་བཞིན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། དེ་བས་གནས་འཕྲོད་ལས་འཚམ་དང་ཡུལ་སྐོར་ལ་འཚམ་པའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་བཏོད་པའི་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་བྱས་པ་རེད།

ཆུ་རགས་དོ་དམ་སྲུང་སྐྱོང་མི་སྣ་དཔལ་ལྡན་བློ་རྒྱལ་གྱིས་ང་ཚོའི་ཚོགས་ཆུང་ལ་མི་44ཡོད། དེས་གཙོ་བོ་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་པའི་འགན་འཁུར་རྒྱུ་དང་འབྲེལ་ཆུ་ཚོད་24ཡི་རིང་སྐོར་གཡེང་བྱ་དགོས། སྔོན་ཆད་དང་བསྡུར་ན། ད་ལྟ་ལྷ་སའི་སྐྱིད་ཆུ་ཧ་ཅང་གཙང་མར་དུ་གྱུར་ཡོད་པས་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཚང་མས་གད་སྙིགས་གང་བྱུང་དུ་མི་གཡུགས་རྒྱུའི་རེ་བ་ཡོད། ད་ལྟ་ཆུ་ལམ་སྔོ་འགྱུར་ཡིན་ནའང་འདྲ། རྨང་གཞིའི་སྒྲིག་བཀོད་ཡིན་ནའང་འདྲ། ཁོར་ཡུག་གཙང་མ་ཡོང་བར་རྒྱུན་འཁྱོངས་བྱས་ན་ཚང་མས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་ཅེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196329.html 1 ལྷ་ས་གྲོང་ཁྱེར་གྱི་ཆུ་བེད་བྱ་གཞག་གི་འཕེལ་རྒྱས་དང་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། /enpproperty-->