分享按钮

ཆུ་ཤུར་རྫོང་ཚ་རགས་ཤང་གིས་དམངས་སྲོལ་རིག་གནས་ལ་བརྟེན་ནས་ དང་པོའི་བཅོ་ལྔའི་དུས་ཆེན་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དང་པོའི་བཅོ་ལྔའི་དུས་ཆེན་རིང་མཉམ་འཛོམས་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཟླ་2ཚེས་12ཉིན་གྱི་སྔ་དྲོ། ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་འཁྲུག་ཆ་དོད་ཅིང་། གྲོང་མི་ཚོ་མཉམ་དུ་འཛོམས་ནས་ལྒང་བཞུའི་གབ་ཚིག་ལ་ལན་འདེབས་པ་དང་། རོལ་རྩེད་རྩེ་བ། ལྟད་མོ་ལྟ་བ་བཅས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་འདུག

བྱེད་སྒོ་སྤེལ་ཡུལ་དུ་ཤང་གི་ལས་བྱེད་པས་དེ་གར་ཡོད་པའི་གྲོང་མི་ཚོར་དང་པོའི་བཅོ་ལྔའི་དུས་ཆེན་གྱི་འབྱུང་ཁུངས་དང་། གོམས་སྲོལ། དོན་སྙིང་བཅས་ལ་འགྲེལ་བཤད་བརྒྱབ་པར་མ་ཟད། ཐང་ཡོན་ཟ་བ་དང་ལྒང་བཞུའི་གབ་ཚིག་ལ་ལན་འདེབས་པ་སོགས་སྲོལ་རྒྱུན་གྱི་གོམས་སྲོལ་ཡང་ངོ་སྤྲོད་བྱས་པ་རེད། ཡུལ་དངོས་སུ་བོད་ཡིག་གི་ལྒང་བཞུའི་གབ་ཚིག་སྣ་ཚོགས་གྲ་སྒྲིག་བྱས་ཡོད་པ་དང་། ལྒང་བཞུའི་གབ་ཚིག་དེ་དག་གི་ནང་དོན་ཕུན་སུམ་ཚོགས་པ་དང་སྤྲོ་སྣང་ལྡན་པས་གྲོང་མི་ཚོས་གབ་ཚིག་ལ་ལན་འདེབས་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། ལྒང་བཞུའི་གབ་ལན་ཤེས་པའི་གྲོང་མི་ཚོས་ཀྱང་དགའ་སྤྲོའི་ངང་ལག་རྟགས་ཆུང་ཆུང་དེ་བླངས་པ་རེད། ལྒང་བཞུའི་གབ་ཚིག་ལ་ལན་འདེབས་པའི་བྱེད་སྒོ་མཇུག་འགྲིལ་རྗེས་རྐུབ་སྟེགས་འཕྲོག་རེས་བྱེད་པ་དང་། ཐག་པ་འཐེན་པ་སོགས་རོལ་རྩེད་རབ་དང་རིམ་པ་རྩེ་བཞིན་གྲོང་མི་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ལ་ཤུགས་རྒྱོབས་ཞེས་པའི་སྐད་སྒྲ་དང་། དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད་ལ། གྲོང་ཚོའི་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་རིག་རྩལ་འཁྲབ་སྟོན་སྣ་མང་ཕུན་སུམ་ཚོཊ་ཤིང་ཞབས་བྲོ་དང་། གླུ་གཞས། དགོད་བྲོའི་གཏམ་གླེང་སོགས་འཁྲབ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པ་རེད།

ཚ་རགས་གྲོང་ཚོའི་ཚོགས་ཆུང་གསུམ་པའི་ཡུལ་མི་པ་སངས་ཀྱིས་དེ་རིང་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་པས་ཤང་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པར་མ་ཟད། ང་རང་བྱེད་སྒོར་ཞུགས་པ་དང་བྱ་དགའ་ཡང་ཐོབ་བྱུང་བས་དགའ་པོ་བྱུང་ཞེས་བཤད།

བྱེད་སྒོ་ཧྲིལ་པོར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ངོ་མཚར་ཆེ་བའི་བྱེད་སྒོ་རབ་དང་རིམ་པས་མང་ཚོགས་མང་པོའི་ཡིད་དབང་བཀུག་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་དུས་ཆེན་གྱི་རྣམ་པ་ཟབ་མོ་ལྡན་ཡོད། ཚ་རགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཚེ་གཡང་གིས་དེ་རིང་ཤང་ཡོངས་ཀྱི་གྲོང་ཚོ་གསུམ་གྱི་གྲོང་མི་མཉམ་དུ་འཛོམས་ནས་འདི་གར་དང་པོའི་བཅོ་ལྔའི་དུས་ཆེན་གཏོང་བར་ཡོང་དོན་གཙོ་བོ་ནི་མང་ཚོགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་ཆེད་ཡིན་ལ། དམངས་སྲོལ་བྱེད་སྒོ་ཁག་གཅིག་ཕུད་ད་དུང་གཞི་རིམ་སྒྲོག་འགྲེལ་པས་ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད་ཅེས་དང་། ཁོང་གིས་བྱེད་སྒོ་སྤེལ་བ་དེས་གྲོང་མི་ཚོས་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ལ་བསམ་ཤེས་དང་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་ཁྱིམ་མཚེས་དབར་གྱི་སྤེལ་རེས་དང་མཉམ་འགུལ་བྱེད་ཤུགས་ཆེ་རུ་ཕྱིན་ནས་སྲོལ་རྒྱུན་དུས་ཆེན་ལ་གསོན་ཤུགས་གསར་པ་བསྣན་ཡོད་ཅེས་བཤད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196322.html 1 ཆུ་ཤུར་རྫོང་ཚ་རགས་ཤང་གིས་དམངས་སྲོལ་རིག་གནས་ལ་བརྟེན་ནས་ དང་པོའི་བཅོ་ལྔའི་དུས་ཆེན་བཏང་བ། /enpproperty-->