分享按钮

གྲོང་ཁྱེར་ཡོངས་ཀྱི་ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཁ་གསབ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ་1ཚེས་1ཉིན། རང་གྲོང་གིས་ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཁ་གསབ་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། བདེ་འཇགས་ལ་གནོད་པའི་མངོན་མེད་ཉེན་ཁ་རིམ་བཞིན་མེད་པར་བཟོ་བ་དང་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་འཛད་སྤྱོད་པར་ཕན་བདེ་དང་སྟབས་བདེ་བསྐྲུན་ཡོད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱིས་གློག་སྒུལ་སྦག་སྦག་883ལ་ཞིབ་བཤེར་བྱས་ནས་བེད་མེད་དུ་བཏང་བ་དང་ཁ་གསབ་དངུལ་སྤྲད་པའི་དངུལ་གྲངས་བསྡོམས་འབོར་སྒོར་617891ཟིན་ཡོད།

ཉང་བྲན་ཁྲོམ་གཞུང་གི་ཚད་བརྒལ་གློག་སྒུལ་སྦག་སྦག་ཚུར་བསྡུའི་ས་ཚིགས་སུ་ལས་དོན་པས་འགྲོ་ལུགས་གཉེར་བར་ཡོང་བའི་མང་ཚོགས་ལ་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུས་པ་དང་། ངང་རྒྱུད་རིང་པོས་འབྲེལ་ཡོད་སྲིད་ཇུས་དང་ཐག་གཅོད་ཀྱི་གོ་རིམ་འགྲེལ་བཤད་བརྒྱབ་པ། ཐོབ་ཐང་ལག་ཁྱེར་དང་ཁ་གསབ་རེ་ཞུ་སོགས་དཔྱད་གཞིའི་ཡིག་རིགས་ལ་དམ་འཛིན་ནན་པོ་བྱས་ཏེ་གོ་རིམ་ཚང་མ་གཏན་འབེབས་དང་མཐུན་རྒྱུར་འགན་ལེན་བྱས་ནས་ཚུར་བསྡུའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་རྒྱུར་འགན་ལེན་བྱས་པ་རེད། དྲིལ་བསྒྲཊ་དང་ཁྲིད་སྟོན་བྱས་པ་བརྒྱུད།གྲོང་མི་དེ་བས་མང་བས་ཚད་བརྒལ་གློག་སྒུལ་སྦག་སྦག་ལ་གནས་པའི་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་ངན་ཤེས་རྟོགས་ཐུབ་པ་དང་།སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་རང་འགུལ་ངང་ཚད་བརྒལ་གློག་སྒུལ་སྦག་སྦག་བེད་མེད་དུ་བཏང་ཡོད། གྲོང་མི་ཆུང་བདག་གིས་གསར་འགོད་པར།ངའི་བེད་མེད་དུ་གྱུར་པའི་གློག་སྒུལ་སྦག་སྦག་བེད་སྤྱོད་བྱས་ནས་ལོ་བཞི་ལྷག་ཙམ་ཕྱིན་རུང་ཁ་གསབ་སྒོར་770རག་བྱུང་། ད་ལྟ་རང་ཉིད་ཀྱིས་ད་དུང་དངུལ་ཏོག་ཙམ་བཏོན་ནས་གློག་སྒུལ་སྦག་སྦག་གསར་པ་ཞིག་ཉོས་ཡོད་པས་ལམ་དུ་སྐྱོད་སྐབས་དེ་བས་བློ་བདེ་པོ་འདུག་ཅེས་བཤད།

ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཁ་གསབ་ཀྱི་ལས་དོན་སྔར་བས་དོན་འཁྱོལ་ཡག་པོ་བྱ་ཆེད། ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱིས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཁ་གསབ་རེ་ཞུ་བྱེད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། ཕྱོགས་ཡོངས་ནས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཆགས་པ་དང་། ཁ་གསབ་སྤྲོད་པའི་ལས་དོན་ལ་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་བཏང་ཞིང་།ཚད་བརྒལ་གློག་སྒུལ་སྦག་སྦག་ཚུར་བསྡུའི་ས་ཚིགས་ཁྱོན་13བཀོད་སྒྲིག་བྱས་ཡོད། མིག་སྔར་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གི་དབང་གིས་ས་ཚིགས་3ལ་ལེགས་སྒྲིག་བྱས་པ་དང་། ས་ཚིགས་གཞན་དག་ཟླ་2ཚེས་14ཉིན་གྱི་རྗེས་སུ་བསྐྱར་གསོ་བྱ་རྒྱུ་ཡིན་པས། ཆ་རྐྱེན་དང་མཐུན་པའི་མང་ཚོགས་ཚང་མར་ཁ་གསབ་སྲིད་ཇུས་ལས་བྱུང་བའི་ཕན་འབྲས་དུས་ཐོག་དང་སྟབས་བདེའི་ངང་ལོངས་སུ་སྤྱོད་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་རེད།

ཚད་བརྒལ་གློག་སྒུལ་སྦག་སྦག་ལ་ཁ་གསབ་སྤྲད་ནས་རིམ་བཞིན་ཁྲོམ་ར་ནས་ཕྱིར་འཐེན་བྱས་པ་དེས་མང་ཚོགས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་ཕྱིན་པར་མ་ཟད། ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་གོམ་སྟབས་ཀྱང་མགྱོགས་སུ་ཕྱིན་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་བརྟན་པོ་མཁོ་འདོན་ཐུབ་ཡོད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 6 6 拉萨日报藏文 c195570.html 1 གྲོང་ཁྱེར་ཡོངས་ཀྱི་ཚད་བརྒལ་གློག་སྒུལ་སྦག་སྦག་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ཁ་གསབ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། /enpproperty-->