ཤིན་ཧྭ་གསར་འགྱུར་ཁང་ལུའོ་ཧྲན་ཅི་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ།ཚེས་3ཉིན་ཨ་རིའི་སྤྱི་པའི་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་ཝེ་ཝེ་ཁེ·མུའུ་ཨེར་ཏིས་ཆང་རག་བཏུངས་པ་དང་འབྲས་སྐྲན་དབར་ཐད་ཀར་འབྲེལ་བ་ཡོད་པས་ཉུང་མཐར་ཡང་འབྲས་སྐྲན་རིགས་7འབྱུང་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པས་མི་རྣམས་ཀྱིས་ཨ་རག་འཐུང་བའི་གནོད་འཚེ་ལ་ངོས་འཛིན་ཟབ་ཏུ་གཏོང་དགོས་ཞེས་ཐ་ཚིག་བསྒྲགས་ཡོད།
ཉིན་དེར་མུའུ་ཨེར་ཏིས་ཆང་བཅུད་དང་འབྲས་སྐྲན་འབྱུང་བའི་ཉེན་ཁའི་སྐོར་གྱི་གྲོས་འགོ་ཁྱབ་བསྒྲགས་བྱས་པ་དེའི་ནང་ཆང་བཅུད་འདུས་པའི་འཐུང་ཆུའི་ཤོག་བྱང་ཐོག་འབྲས་སྐྲན་འབྱུང་བའི་ཉེན་ཁའི་ཐ་ཚིག་བཀོད་པ་སོགས་ཚུད་ཡོད་པས་ཆང་བཅུད་དང་འབྲེལ་བ་ཡོད་པའི་འབྲས་སྐྲན་གྱི་ནད་པ་དང་ཤི་ཚད་ཆེས་ཆེ་བའི་སྒོ་ནས་ཉུང་དུ་གཏོང་དགོས་པ་བསྟན་ཡོད།
གྲོས་འགོ་ལྟར་ན།ཨ་རིར་ཆང་རག་འཐུང་བ་ནི་ཐ་མག་འཐེན་པ་དང་ཟས་ཚོན་པོ་ཕུད་པའི་སྔོན་འགོག་བྱེད་ཐུབ་པའི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་ཆེ་གྲས་གསུམ་པ་ཡིན། ཆང་རག་འཐུང་བ་ནི་ཉུང་མཐར་ཡང་འབྲས་སྐྲན་རིགས་བདུན་གྱི་འབྲས་སྐྲན་འབྱུང་བའི་ཉེན་ཁ་དང་ཐད་ཀར་འབྲེལ་བ་ཡོད་པ་ར་སྤྲོད་བྱུང་ཡོད།དེའི་ནང་ནུ་མའི་འབྲས་སྐྲན་དང་།རྒྱུ་མའི་འབྲས་སྐྲན།མིད་པའི་འབྲས་སྐྲན།མཆིན་པའི་འབྲས་སྐྲན།ཁ་སྦུག་གི་འབྲས་སྐྲན།གྲེ་བའི་འབྲས་སྐྲན་བཅས་ཚུད་ཡོད། ནུ་མའི་འབྲས་སྐྲན་དང་ཁ་སྦུག་གི་འབྲས་སྐྲན་སོགས་ཚུད་པའི་འབྲས་སྐྲན་ཁ་ཤས་ལ་མཚོན་ན།ཉིན་རེར་ཆང་རག་ཕོར་བ་གང་སམ་དེ་ལས་ཉུང་བ་འཐུང་སྐབས་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་པའི་དཔང་རྟགས་ཡོད།
མུའུ་ཨེར་ཏིས་ཆང་བཅུད་ནི་ཀུན་གྱིས་ཁས་ལེན་བྱེད་པ་དང་སྔོན་འགོག་བྱེད་ཐུབ་པའི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་ཞིག་ཡིན།ཨ་རིར་ལོ་ལྟར་སྐྲན་ནད་ཕོག་པའི་ནད་པ་ཁྲི་10དང་སྐྲན་ནད་ཀྱིས་ཤི་བའི་ནད་པ་ཁྲི་2ནི་ཆང་བཅུད་དང་འབྲེལ་བ་ཡོད་ཅིང་།དེ་ཨ་རིར་ལོ་ལྟར་ཆང་བཅུད་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཤི་བའི་མི་གྲངས་ཁྲི་1.35ཙམ་ལས་མང་བ་ཡོད་མོད།འོན་ཀྱང་ཨ་རི་བ་མང་ཆེ་བས་ཉེན་ཁ་དེ་རིགས་རྟོགས་ཀྱི་མེད་ཅེས་གསུངས་པ་རེད།
གྲོས་འགོ་འདིར་ངོ་སྤྲོད་བྱས་པ་ལྟར་ན། ཆང་བཅུད་ཀྱིས་གཙོ་བོ་བྱེད་ཐབས་བཞི་ལ་བརྟེན་ནས་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བ་སྟེ།གཅིག་ནི་ཆང་བཅུད་དེ་མིའི་ལུས་སྟེང་དུ་ཁ་པ་ཆོན་དུ་དབྱེ་འབྱེད་བྱེད་པ་དང་།ཁ་པ་ཆོན་གྱིས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་དབྱང་འདོར་ཉིང་ཧྭགས་ཉིང་སྐྱུར(DNA)ལ་གནོད་སྐྱོན་ཐེབས་པས།འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བ་དང་། གཉིས་ནི་ཆང་བཅུད་ཀྱིས་གྲུང་གཤིས་དབྱང་འབྱུང་སྟེ།གཉན་ཚད་ཇེ་སྡུག་ཏུ་འགྲོ་བར་མ་ཟད། དབྱང་འགྱུར་གྱི་གོ་རིམ་བརྒྱུད་དེ་ལུས་སྟེང་གི་DNAདང་།སྤྲི་དཀར།ཚིལ་རྫས་བཅས་ལ་གནོད་སྐྱོན་ཐེབས་སྲིད། གསུམ་ནི་ཆང་བཅུད་ཀྱིས་སྐུལ་རྩི་མོ་ཚུད་པའི་སྐུལ་རྩི་སྣ་ཚོགས་ཀྱི་ཆུ་ཚད་ལ་འགྱུར་ལྡོག་བཏང་སྟེ།ནུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་། བཞི་ནི་ཆང་བཅུད་ཀྱིས་མིའི་ལུས་ཕུང་གིས་རྡོ་ཐའི་དུ་སྨུག་སོགས་འབྲས་སྐྲན་བཟོ་བའི་དངོས་པོ་དེ་བས་བསྡུ་ལེན་བྱེད་ཐུབ་པས།ཁ་སྦུག་གི་འབྲས་སྐྲན་སོཊ་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社