ཤིན་ཧྭ་གསར་འགྱུར་ཁང་དབྱི་སི་ཐན་པུར་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་ཐུར་ཁེའི་སྲིད་འཛིན་ཨེར་ཏུའོ་ཨན་གྱིས་གསུངས་དོན། རྒྱལ་ཁབ་དེ་གའི་2024ལོའི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2620ཟིན་ནས་ཟིན་ཐོ་གསར་པ་བཏོད་པ་དང་། དེ་2023ལོ་དང་བསྡུར་ན་བརྒྱ་ཆ་2.5འཕར་ཡོད།
དེ་ཉིན་ཨེར་ཏུའོ་ཨན་གྱིས་ཐུར་ཁེའི་གྲོང་ཁྱེར་ཆེ་ཤོས་དབྱི་སི་ཐན་པུར་དུ་གཏམ་བཤད་སྤེལ་སྐབས་གསུངས་དོན། 2024ལོར་ཐུར་ཁེའི་ཉོ་ཚོང་གི་མཚལ་ཡིག་དེ་ཨ་སྒོར་དུང་ཕྱུར་842ཟིན་ནས། 2023ལོ་དང་བསྡུར་ན་ཨ་སྒོར་དུང་ཕྱུར་241ཙམ་ཉུང་དུ་ཕྱིན་ཡོད། ས་ཁུལ་ལ་བལྟས་ན། དབྱི་སི་ཐན་པུར་ནི་རྒྱལ་ཁབ་དེའི་ཕྱིར་གཏོང་བསྡོམས་འབོར་མང་ཤོས་ཀྱི་ས་ཁུལ་དུ་གྱུར་པ་དང་། 2024ལོར་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་568ཟིན་ཡོད།
དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཀྱི་བྱེ་བྲག་པ་ཤིག་ཡིན་པའི་ཐུར་ཁེའི་སྲིད་གཞུང་གིས་2024ལོར་ནོར་སྲིད་ཀྱི་སྐུལ་ལྕག་བྱ་ཐབས་སོགས་ཚུད་པའི་སྲིད་ཇུས་མང་པོ་བཏོན་ནས་ཕྱིར་གཏོང་ལ་སྐུལ་འདེད་བཏང་ཡོད། ཨེར་ཏུའོ་ཨན་གྱིས། ཐུར་ཁེའི་སྲིད་གཞུང་གིས་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་6.99ཙམ་བཏང་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ལ་རྒྱབ་སྐྱོར་བྱས་པ་དང་། 2025ལོར་ཕྱིར་གཏོང་ལ་སྐུལ་ལྕག་བྱེད་པའི་མ་དངུལ་ཨ་སྒོར་དུང་ཕྱུར་9.33བར་མང་དུ་གཏོང་རྒྱུ་ཡིན་ཞེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社