ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་དུས་ཚིགས་ཉེར་བཞིའི་ཁྲོད་ཀྱི་གྲང་ངར་ཆུང་བའི་དུས་ཚིགས་སུ་སླེབས་ཡོད། དགུ་གསུམ་པ་དེ་གཞི་རྩའི་ཐོག་དུས་ཚིགས་དེའི་ནང་ཡིན་ཞིང་། ལོ་གཅིག་དུས་གཅིག་ནང་གི་གྲང་ཤོས་ཀྱི་དུས་སྐབས་ཤིག་རེད། ཀྲུང་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་གྱིས་གྲང་ངར་ཆུང་བའི་དུས་སུ་ལུས་གསོ་དང་ནད་འགོག་སྟངས་གཙོ་བོ་ནི་གྲང་ངར་འགོག་པ་དང་མེ་དྲོད་སྲུང་རྒྱུ་ཡིན་པས། དྲོད་ཇུས་ལེགས་པོ་བྱེད་པ་དང་ཆབས་ཅིག་འོས་འཚམ་གྱི་ལུས་སྦྱོང་དང་འཚོ་བཅུད་ཁ་གསབ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཞི་ཡོན་སྨན་ཁང་ཁྲག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཐང་ཞུས་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གྲང་ངར་ཆུང་བའི་དུས་སུ་གྲང་བརླན་ཅུང་ཚབས་ཆེ་ཞིང་། གཙོ་བོ་འཁྱགས་གོང་ཆགས་པ་དང་མེ་དྲོད་ལ་གནོད་སླ་བ་དང་། རྒྱུན་དུ་འབྱིན་རྔུབ་མ་ལག་གི་ནད་རིགས་དང་། དོས་དྲག་གི་སྙིང་རྩ་འགག་པ། འཁྱགས་ཕྱིད། ཚིགས་ནད། ཕོ་རྒྱུའི་ནད་བཅས་སློང་སྲིད། ཕྱིའི་གྲང་ངར་གྱིས་རླུང་ཁྲག་འཁོར་སྐྱོད་མི་ལེགས་ཤིང་གྲང་ནད་དང་ན་ཟུག་འབྱུང་བ་དང་། བུད་མེད་ལ་ཟླ་མཚན་གྱི་ན་ཟུག་རྒྱག་པ་དང་ཟླ་མཚན་ཏག་ཏག་མི་ཡོང་བ་སོགས་འབྱུང་སླ་བ་རེད།
ཐང་ཞུས་ཏུང་གིས། དེར་བརྟེན། གྲང་ངར་ཆུང་བའི་དུས་སུ་ལུས་གསོ་བྱེད་སྐབས“སྟོན་དགུན་མེ་དྲོད་གསོ་བའི”རྩ་དོན་ལ་བརྩི་སྲུང་བྱེད་དགོས་པར་མ་ཟད། ད་དུང་མེ་དྲོད་སྲུང་སྐྱོབ་བྱ་རྒྱུར་ལྷག་པར་དུ་དོ་སྣང་བྱེད་དགོས། ཕྱི་ལ་འགྲོ་སྐབས་དྲོད་ཇུས་ཡག་པོ་བྱེད་དགོས་ཤིང་། མགོ་དང་།སྐེ། རྐེད་པ་སོགས་གཟུགས་པོའི་གཙོ་གནད་ཁག་ལ་སྲུང་སྐྱོབ་དང་། གཉིད་འདང་ངེས་ཁུག་དགོས་པ། འཆམ་འཆམ་དང་།དལ་རྒྱུག ཐའེ་ཅི་ཆོན་སོགས་ཀྱི་ལུས་རྩལ་གདམ་ག་བྱས་ནས་ལུས་པོའི་རིམས་འགོག་ནུས་པ་ཇེ་ཡག་ཏུ་གཏོང་དགོས།ཕྱི་རོལ་དུ་ལུས་རྩལ་རྩེ་སྐབས་སྣ་ཁུང་གིས་དབུགས་འཐེན་པ་དང་ཁ་ནས་དབུགས་གློད་པའི་བྱ་ཐབས་སྤྱོད་དགོས་པར་མ་ཟད། ལུས་རྩལ་མ་རྩེད་སྔོན་ལ་གྲབས་སྦྱོང་གང་ལེགས་བྱེད་དགོས། ད་དུང་ཉི་མ་མང་ཙམ་སྲོས་ནས་གྲང་ངར་ལས་བྱུང་བའི་ཁྲག་གི་འཁོར་རྒྱུག་དལ་དུ་འགྲོ་བ་དང་ཀླད་པར་ཁྲག་མཁོ་འདོན་མི་འདང་བ་ཞི་ལྷོད་དུ་གཏོང་དགོས།
དགུན་དུས་འཚོ་བཅུད་ཁ་གསབ་བྱས་ན་གཟུངས་མདངས་ཉམས་གསུམ་གསོ་ཐུབ་པ་དང་། སང་ལོའི་བདེ་ཐང་ལ་རྨང་གཞི་འདིང་ཐུབ། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཞི་ཡོན་སྨན་ཁང་ཁྲག་ནད་ཚན་ཁག་གི་སྨན་པ་རབ་འབྱམས་པ་ལི་རུའེ་པའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གྲང་ངར་ཆེ་བའི་དུས་སུ་ལུག་ཤ་དང་། སྟར་ཁའི་ཚི་གུ། ཆི་བི་ཁ། ཤིང་འབྲས་འབྲུག་མིག ཤིང་འབྲས་ལི་ཙི་སོགས་མཆེར་པ་དང་ཕོ་བར་འཚོ་བཅུད་གསབ་པའི་ཟས་རིགས་དང་མཁལ་མ་དྲོད་པའི་ཟས་རིགས་ཟ་དགོས་པ་དང་། ད་དུང་འཇུ་སླ་བའི་ལ་ཕུག་གི་ཐུག་པ་དང་། ཕོ་བ་གསོ་བའི་ཕུའུ་ལིང་ཐུག་པ། རླུང་ལ་ཕན་པའི་ཆི་བི་ཁའི་ཐུག་པ་སོགས་ཟ་དགོས། ཡག་ཤོས་བྱུང་ན་ཟས་གྲང་མོའི་རིགས་དང་རྗེན་པའི་རིགས་ཟ་མི་རུང་།
ལི་རུའེ་པའེ་ཡིས་དུས་མཚུངས་སུ་དྲན་སྐུལ་བྱས་དོན། འཚོ་བཅུད་ཁ་གསབ་ཚད་ལས་འགལ་མི་རུང་། དགོང་ཟས་ལ་ཚོད་འཛིན་བྱས་ནས་ཕོ་བ་གསོ་དགོས་པ་དང་། གཟུགས་གཞི་ཚ་དྲོད་རྒྱས་སླ་བའི་རིགས་ཀྱིས་འཚོ་བཅུད་ཁ་གསབ་རན་པོ་བྱེད་དགོས། འཚོ་བཅུད་ཁ་གསབ་ཤུགས་ཆེ་དྲགས་ཚེ་གཟུགས་པོའི་ནང་ཚ་དྲོད་རྒྱས་ནས་ཁ་སྦུག་རུལ་ནད་དང་། དབུགས་ལམ་གྱི་གཉན་ཚད། བཙོག་པ་འགག་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད།
གྲང་ངར་ཆུང་བའི་དུས་སུ་ད་དུང་ཀྲུང་ལུགས་གསོ་རིག་གི་ལག་རྩལ་འོས་འཚམ་སྤྱད་ནས་ལུས་པོ་གསོ་ཆོག ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་དང་ནུབ་ལུགས་ཟུང་འབྲེལ་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཤའོ་ཁྲང་ཅང་གིས་དྲན་སྐུལ་བྱས་དོན། གྲང་ངར་ཆུང་བའི་དུས་ནི་མཁལ་མ་གསོ་བའི་གོ་སྐབས་བཟང་ཤོས་ཡིན། མེ་བཙའ་སོགས་ཀྱིས་གསང་མིག་ལ་སྨན་བཅོས་བྱས་ན་མཁལ་མ་གསོ་བའི་ནུས་པ་ངེས་ཅན་ཞིག་ཐོན་པས། མིའི་ལུས་ཕུང་གི་རིམས་འགོག་ནུས་པ་ཆེ་རུ་གཏོང་ཐུབ། གཉིད་ཡག་པོ་ཁུག་མ་ཐུབ་ཚེ་དགོང་མོར་རྐང་པ་ཆུ་ཚ་པོའི་ནང་སྐར་མ་བཅོ་ལྔ་ཡས་མས་སྦངས་ན་ཁྲག་གི་འཁོར་རྒྱུག་ཡག་པོ་ཐུབ་པར་ཕན་ཐོགས་ཡོད་ལ་ཚད་ངེས་ཅན་ཞིག་གི་ཐོག་ནས་གཉིད་ཁུག་ཚད་ལེགས་སུ་གཏོང་ཐུབ།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社