分享按钮

ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་གཞོན་ནུ་ཤེས་ལྡན་པའི་ཡར་སྐུལ་ལས་གཞིའི་ཆེད་དོན་འཆར་གཞི་ཁག་དང་པོར་འབུམ་རམས་པ་3000ལྷག་ཙམ་བདམས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་གཞོན་ནུ་ཤེས་ལྡན་པའི་ཡར་སྐུལ་ལས་གཞིའི་ཆེད་དོན་འཆར་གཞི་ཁག་དང་པོར་འབུམ་རམས་པ་3226བདམས་ཤིང་།ཁོང་ཚོར་རིག་གཞུང་གི་མཐོང་རྒྱ་ཆེ་རུ་གཏོང་བ་དང་།རིག་གཞུང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ།རིག་གཞུང་ཡར་རྒྱས་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ཆེད་དོན་གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་དུས་ཡུན་ནི་2025ལོའི་ཟླ་1པ་ནས་2026ལོའི་ཟླ་12པ་བར་རེད།

ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་2024ལོའི་ཟླ་9པར་ཆེད་དོན་འཆར་གཞི་དེ་ལག་བསྟར་བྱེད་འགོ་ཚུགས་པའི་དམིགས་ཡུལ་ནི་རིག་གཞུང་ཐོན་ཁུངས་ཀྱིས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་གཞོན་ནུའི་ཚན་རྩལ་གྲབས་གསོག་དཔུང་ཁག་ལ་དེ་བས་རྒྱ་ཁྱབ་ངང་ཕན་པ་ཐོབ་པར་བྱ་རྒྱུ་དེ་རེད།

ཀྲུང་གོ་ཚན་རྩལ་མཐུན་ཚོགས་རྩ་འཛུགས་མི་དོན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ཆེད་དོན་འཆར་གཞི་དེ་གཙོ་བོ་མཐོ་སློབ་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིའི་ལོ་30མན་གྱི་ཚན་རིག་དང་།བཟོ་ལས།ཞིང་ལས། གསོ་རིག་བཅས་ཚན་ཁག་གི་ལོ་རིམ་མཐོ་བའི་འབུམ་རམས་པ་སློབ་མར་ཕྱོགས་ནས་དུས་ཡུན་ལོ་2ལས་མི་བརྒལ་བའི་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།འབྲེལ་ཡོད་ལས་དོན་གཙོ་བོ་ནི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་།རྒྱལ་ཡོངས་སློབ་ཚོགས།ཞིང་ཆེན་རིམ་པའི་ཚན་རྩལ་མཐུན་ཚོགས།མཐོ་སློབ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་ལེགས་འགྲུབ་བྱ་རྒྱུ་དང་། གཙོ་གནད་ཐོག་འཆར་གཞིའི་ནང་ཚུད་པའི་མི་སྣར་རིག་གཞུང་གི་རོགས་སྐྱོར་དང་། རྩ་འཛུགས་ཀྱི་བསྡུ་ལེན།རིག་གཞུང་ཞོར་ལས་བཅས་ཕྱོགས་གསུམ་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

རིག་གཞུང་རོགས་སྐྱོར་དེ་གཙོ་བོ་འཆར་གཞིའི་ནང་ཚུད་པའི་མི་སྣ་ཆུ་ཚད་མཐོ་བའི་རིག་གཞུང་ཚོགས་འདུའི་ནང་ཞུགས་པ་དང་།ཆུ་ཚད་མཐོ་བའི་རིག་གཞུང་དཔྱད་རྩོམ་སྤེལ་བ།ཕྱི་རྒྱལ་དུ་ཕྱིན་ནས་སྤེལ་རེས་དང་སློབ་སྦྱོང་འཚམས་འདྲི་བྱེད་པ་བཅས་ཡིན།ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་མི་དམངས་ཤོག་སྒོར་ཁྲི་4ལས་མི་བརྒལ་བའི་རོགས་སྐྱོར་གྱི་ཚད་གཞི་གཞིར་བཟུང་འཆར་གཞིའི་ནང་ཚུད་པའི་མི་སྣར་རོགས་སྐྱོར་གྲོན་དངུལ་མཁོ་འདོན་བྱ་རྒྱུ་རེད།

རྩ་འཛུགས་ཀྱིས་བསྡུ་བའི་ཁོངས་སུ་འཆར་གཞིའི་ནང་ཚུད་པའི་མི་སྣ་གསོ་སྦྱོང་གི་དུས་ཡུན་ནང་རིན་མེད་ངང་རྒྱལ་ཡོངས་སློབ་ཚོགས་ཀྱི་སློབ་མའི་ཚོགས་མིར་འགྱུར་བར་རོགས་རམ་བྱེད་པ་དང་།

ཕུལ་དུ་བྱུང་བའི་མི་སྣ་སྔོན་ལ་རྒྱལ་ཡོངས་སློབ་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཚོགས་སུ་ཞུགས་རྒྱུར་རོགས་རམ་བྱེད་པར་མ་ཟད།ལས་རིགས་ཐད་ཕུལ་དུ་བྱུང་བའི་རྒན་རབས་པར་སློབ་སྦྱོང་དང་བློ་འདྲི་བྱེད་པའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ནས་ཕྱོགས་བསྡུས་ནུས་པ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད།

རིག་གཞུང་ཞོར་ལས་ཀྱི་ཁོངས་སུ་འཆར་གཞིའི་ནང་ཚུད་པའི་མི་སྣས་ཆུ་ཚད་མཐོ་བའི་རིག་གཞུང་ཚོགས་འདུ་དང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་རྩ་འཛུགས་སུ་ཞོར་ལས་ལས་རོགས་ཀྱི་ལས་གནས་འཁུར་རྒྱུར་རོགས་རམ་དང་།རིག་གཞུང་དུས་དེབ་ནང་རྩོམ་སྒྲིག་ལས་རོགས་ཀྱི་ལས་གནས་ཞོར་ལས་འཁུར་རྒྱུར་རོགས་རམ་བྱས་ཏེ་ཁོང་ཚོར་རྩེ་སོན་གྱི་ཚན་རིག་ཞིབ་འཇུག་གི་གནས་ཚུལ་ལ་རྗེས་འདེད་དང་། རིག་གཞུང་སྤེལ་རེས་ནང་གཏིང་ཟབ་ངང་ཞུགས་པ།ཕྱོགས་མང་པོའི་རིག་གཞུང་མཛུབ་ཁྲིད་ཐོབ་པ་བཅས་ལ་རོགས་རམ་བྱ་རྒྱུ་ཚུད་ཡོད།

གཞན་ཡང་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ད་དུང་འཆར་གཞིའི་ནང་ཚུད་པའི་མི་སྣ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ལོ་ཚོགས་དང་།འཛམ་གླིང་གཞོན་ནུ་ཚན་རིག་མཁས་ཅན་གྱི་དབུ་ཚོགས།འཛམ་གླིང་ཚན་རྩལ་དང་འཕེལ་རྒྱས་གླེང་སྟེགས།འཛམ་གླིང་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་སྐུལ་འདེད་ཚོགས་ཆེན་སོགས་ཀྱི་བྱེད་སྒོ་གལ་ཆེན་ནང་ཞུགས་པའི་གོ་སྐབས་མཁོ་འདོན་བྱས་ནས་ཚན་རྩལ་གྱི་གཞོན་ནུ་ཤེས་ལྡན་པར་ཕྱོགས་ཡོངས་ནས་སྤེལ་རེས་དང་སློབ་སྦྱོང་གི་སྟེགས་བུ་འཛུགས་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།2025ལོ་ནས་བཟུང་ཆེད་དོན་འཆར་གཞིའི་ནང་རྒྱབ་སྐྱོར་བྱ་ཡུལ་གྱི་མི་གྲངས་ལོ་ལྟར་མི་ཁྲི་1ཡས་མས་བར་རིམ་བཞིན་མང་དུ་བཏང་ནས་ལོ་ལྟར་འབྲེལ་ཡོད་རིག་ཚན་གྱི་འབུམ་རམས་པ་ཐོན་པའི་སློབ་མའི་བརྒྱ་ཆ་15ཡན་ཟིན་པར་བྱ་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194264.html 1 ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་གཞོན་ནུ་ཤེས་ལྡན་པའི་ཡར་སྐུལ་ལས་གཞིའི་ཆེད་དོན་འཆར་གཞི་ཁག་དང་པོར་འབུམ་རམས་པ་3000ལྷག་ཙམ་བདམས་པ། /enpproperty-->