(པར་ངོས་དང་པོར་མཐུད)གྲོང་མི་དེ་བས་མང་བས་ཁོང་གི་བྱེད་སྟངས་ལ་གོ་བ་ལེན་ཐུབ་ཀྱི་མེད་མོད། འོན་ཀྱང་གསོན་པའི་ཤིང་སོན་གཉིས་པོ་དེ་མཐོང་སྐབས་ཁོང་གི་སེམས་ཤུགས་དེ་བས་ཤུགས་ཆེ་རུ་ཕྱིན་ཡོད།
བསོད་ནམས་ནོར་བུས་ངས་འདི་གར་དངུལ་མང་པོ་བཏང་བ་ཡིན། འོན་ཀྱང་བཏབ་པའི་ཤིང་སོན་སྤྱིར་ན་སྐམ་སོང་བས་སེམས་ཧ་ཅང་སྐྱོ་པོ་བྱུང་། ཏོག་ཙམ་མ་གཏོགས་ཕུགས་བསམ་བློས་བཏང་བ་ཡིན། གྲོང་ཚོའི་ནང་གི་མི་ཚོས་ཀྱང་སྙིང་པོ་མི་འདུག་ལ་འབྲས་བུ་ཡང་མི་འདུག་ཅེས་བཤད་མྱོང་། འོན་ཀྱང་ངས་རང་གིས་རང་ལ་སྐུལ་ལྕག་བྱས་ནས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་རྒྱུན་འཁྱོངས་བྱས་ན་ཉིན་ཞིག་འབྲས་བུ་སྨིན་སྲིད་པས་མུ་མཐུད་ལས་ཀ་དེ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བཤད།
2012ལོ་ནས་ད་བར་ལོ་ལྟར་བསོད་ནམས་ནོར་བུས་ཤིང་སོན་བཙུགས་ནས་ཆུ་གཏོང་བ་དང་། རླུང་འགོག་པ། བྱི་བ་འགོག་པ་བཅས་བྱེད་ཀྱི་ཡོད་ལ། བྱི་བའི་གནོད་ཚེ་ཐག་གཅོད་བྱ་ཆེད་ཐབས་ཤེས་གང་ཡོད་འདོན་མྱོང་ཡོད། བསོད་ནམས་ནོར་བུའི་ཤིང་འཛུགས་ཁུལ་དུ་སྐྱོད་སྐབས་གང་སར་བཅད་པའི་འགྱིག་དམ་མཐོང་རྒྱུ་ཡོད་པ་དེ་ནི་ཁོང་གིས་བྱི་བ་འགོག་ཆེད་བཏོན་པའི་ཐབས་ཤེས་ཤིག་ཡིན་ལ། མིག་སྔར་སྤྱོད་གོ་ཆེ་ཤོས་ཀྱི་ཐབས་ཤེས་ཀྱང་དེ་ཡིན།
བསོད་ནམས་ནོར་བུས་ལག་ཏུ་འགྱིག་དམ་བཟུང་ནས་གསར་འགོད་པར་བྱི་བས་ཤིང་སོན་བཟས་པས་ཤིང་སོན་གསོན་ཐུབ་ཀྱི་མི་འདུག་ལ། ངས་ཤིང་སོན་འཛུགས་པའི་སྐབས་སུ་བར་ཐག་སྨི་གཅིག་ལས་བཞག་མེད། འོན་ཀྱང་ད་ཆ་གསོན་པོར་གནས་པའི་ཤིང་སོན་དེ་གཉིས་ཀྱི་བར་ཐག་ལ་སྨི་གསུམ་ནས་བཞི་བར་ཡོད་པ་མ་ཟད། ཐ་ན་དེ་བས་ཐག་རིང་བ་ཡོད་པས་དཀྱིལ་གྱི་ཤིང་སོན་ཚང་མ་བྱི་བས་ཟས་ཚར་འདུག ངས་ཐེངས་གསུམ་ནས་བཞི་བར་འདི་གར་ཤིང་སོན་རས་ཀྱིས་བཏུམས་ནས་བཏབ་ཀྱང་ཡག་པོ་སྐྱེ་ཐུབ་མ་སོང་། ཕྱིས་སུ་ངས་འགྱིག་དམ་ནང་ཤིང་སོན་བཏབ་པས་བྱི་བས་ཟ་མ་ཐུབ་པས་ཤིང་སོན་གྱི་གསོན་ཚད་ཀྱང་མཐོ་རུ་ཕྱིན་སོང་ཞེས་བཤད།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག འདས་ཟིན་པའི་ལོ་ངོ་12རིང་། བསོད་ནམས་ནོར་བུས་འབད་བརྩོན་བྱས་པ་བརྒྱུད་འཚར་ལོངས་བྱུང་བའི་ཤིང་སྡོང་དེ་དག་ལ་མུའུ་1000ཙམ་ཟིན་པས་རླུང་འགོག་ནགས་ཚལ་ཞིག་ཏུ་གྱུར་བར་མ་ཟད། རྒྱས་དར་གྲོང་ཚོར་བྱེ་རླུང་གང་སར་མི་ལྡང་བའང་མངོན་འགྱུར་བྱུང་ཡོད། བསོད་ནམས་ནོར་བུས་འབད་བརྩོན་བྱས་པ་བརྒྱུད། ཤིང་སོན་གྱི་གསོན་ཚད་ཇེ་མཐོར་ཕྱིན་པ་དང་། ས་ཞིང་ནང་གི་རྩྭ་ཡང་ཇེ་མང་དུ་ཕྱིན་ཡོད། རྒྱས་དར་གྲོང་ཚོའི་འབྱུང་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་བཅས་མཐོང་སྐབས་ལས་བསོད་ནམས་ནོར་བུའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བར་མ་ཟད། ཁོང་གི་ཕུགས་བསམ་རྒྱུན་འཁྱོངས་བྱེད་པའི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་ནས་མུ་མཐུད་ཤིང་འཛུགས་ལས་ཀར་གཞོལ་བས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད།
བསོད་ནམས་ནོར་བུས་ང་ཚོའི་ཕ་ཡུལ་ནི་བྱེ་ས་ཡིན་པས་ས་རྒྱུ་ཡག་པོ་མེད་སྟབས་ངས་འདི་གར་ཤིང་འཛུགས་པ་ནི་ངའི་ཕུགས་བསམ་ཡིན་ལ། དེ་ལྟར་རྒྱུན་འཁྱོངས་བྱས་ཚེ་གནམ་གཤིས་ལའང་ཕན་ཐོགས་ཡོད་ཅེས་བཤད།
རྒྱས་དར་གྲོང་ཚོའི་གྲོང་མི་འཇམ་དབྱངས་བསྟན་འཛིན་གྱིས་ད་ཆ་དངོས་སུ་ལྗོན་ཤིང་སྐྱེས་པ་མ་ཟད། རྩྭ་ཡང་སྐྱེས་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཚང་མའི་ངོས་ནས་བརྗོད་ན་ཕན་པ་མངོན་གསལ་དོད་པོ་ཐོབ་ཡོད་ལ་ཕྱུགས་རིགས་གསོ་རྒྱུར་ཡང་ཕན་པ་ཆེན་པོ་ཡོད། བསོད་ནམས་ནོར་བུ་ནི་དངོས་གནས་བྱ་བ་བཟང་པོ་སྒྲུབ་མཁན་གྱི་མི་ཞིག་ཡིན་པས་ང་ཚོ་ཚང་མས་ཁོང་ལ་ཡི་རང་ཞུ་བཞིན་ཡོད་ཅེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社