ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་21ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་དཔེ་མཛོད་ཁང་གིས་དགུན་ཉི་ལྡོག་གཙོ་དོན་དུ་བྱས་པའི་བྱེད་སྒོ་སྤེལ་ཞིང་། ཐེངས་འདིའི་བྱེད་སྒོའི་ནང་ཟས་རིགས་དང་འབྲེལ་བའི་ཤེས་བྱ་སྟེ། སྔོན་ལ་ཕྲུ་གུ་ཚོར་དགུན་ཉི་ལྡོག་དང་འབྲེལ་བའི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། དེ་རྗེས་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོ་གདན་འདྲེན་ཞུས་ནས་མཉམ་དུ་ཆུ་མོག་བཟོ་བ། མཐར་མི་ཚང་མས་རང་ཉིད་ཀྱིས་བཟོས་པའི་ཆུ་མོག་གི་བྲོ་བ་མྱོང་བ་བཅས་བྱས་ནས་དགུན་ཉི་ལྡོག་གི་རྣམ་པ་ཉམས་ལེན་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། དགེ་རྒན་གྱིས་ཕྲུ་གུ་ཚོར་དགུན་ཉི་ལྡོག་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དགུན་ཉི་ལྡོག་གི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་ཀྱི་རྣམ་པ་འགྲེལ་བཤད་རྒྱག་པ། དགེ་རྒན་གྱིས་ཕྲུ་གུ་ཚོར《ཉིན་ཞག་དགུ་རེ་དགུ་རེ་གཅིག་ཏུ་བརྩི་བའི་རི་མོར》འགྲེལ་བཤད་བརྒྱབ་པ་དང་འབྲེལ་གྲོགས་པོ་ཆུང་ཆུང་གདན་དྲངས་ནས་མཉམ་དུ་ཉིན་ཞག་དགུ་རེ་དགུ་རེ་བརྩི་ཚུལ་ཤེས་རྟོགས་ཐུབ་པར་བྱས་པ་རེད། དེའི་རྗེས་སུ། ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོས་མཉམ་དུ་ཆུ་མོག་བཟོས་པས་ཚང་མ་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། གྲོགས་པོ་ཆུང་ཆུང་ཚོའི་ཧུར་བརྩོན་དང་བསྟུན་ནས་དབྱིབས་སྣ་ཚོགས་ཀྱི་ཆུ་མོག་བཟོ་ཤེས་པ་བྱུང་བས་ཚང་མ་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད།
བྱེད་སྒོའི་ནང་ཞུགས་མཁན་གྲོགས་པོ་ཆུང་ཆུང་བསྟན་འཛིན་བསམ་གཏན་གྱིས་དེ་རིང་ཧ་ཅང་དགའ་པོ་བྱུང་། ངས་ཆུ་མོག་བཟོ་ཤེས་བྱུང་ལ་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་ངལ་རྩོལ་གྱི་གྲུབ་འབྲས་མཉམ་རོལ་བྱེད་ཀྱི་ཡོད། ཆུ་མོག་བཟོ་བ་ཙམ་མ་ཟད། ད་དུང་འཚམས་འདྲི་ཡང་བྱེད་ཀྱི་འདུག་ལ་སློབ་སྦྱོང་དང་སྤེལ་རེས་དེ་བས་བྱེད་ཀྱི་འདུག་པས་བྱེད་སྒོའི་ཁྲོད་ང་ཚོས་ཀྱང་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཚོར་བྱུང་ཞེས་བཤད།
གྲོང་ཁྱེར་དཔེ་མཛོད་ཁང་གི་སྤྱི་ཚོགས་ལས་དོན་ཚོགས་ཆུང་གི་ཁོངས་མི་བསྟན་འཛིན་ཆོས་ཉིད་ཀྱིས་ཆུ་མོག་ཆུང་ཆུང་དེའི་ནང་ང་ཚོའི་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དང་གཅེས་སེམས་བཅངས་པ་འདུས་ཡོད། སླད་ཕྱིན་ང་ཚོས་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ནས་མི་དེ་བས་མང་བར་དྲོ་སྐྱིད་སྦྱིན་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社