ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་21ཉིན། ལྷ་སའི་དབྱིངས་ཞེས་པའི་ལོ་གསར་པའི་དམངས་ཁྲོད་སྒོར་གཞས་འགྲན་བསྡུར་སྐབས་དང་པོའི་ཐོག་མའི་འགྲན་བསྡུར་གཉེར་འགོ་ཚུགས་ཤིང་།ཁྱོན་ཚོགས་པ་17འགྲན་བསྡུར་ནང་ཞུགས་པ་དང་།ཚོགས་པ་8རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་ཡོད་པ་རེད།
ཉིན་དེར། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་གྱོན་པའི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་གར་སྟེགས་ཐོག་སྤྲོ་སྣང་ལྡན་པའི་ཞབས་བྲོ་འཁྲབ་སྟེ་སྒོར་གཞས་ཀྱིས་ལྟད་མོ་བ་ཚོའི་ཡིད་དབང་འགུགས་གང་ཐུབ་བྱས་པ་རེད། 《བདེ་སྐྱིད་ལྡན་པའི་མལ་གྲོ》དང《བྲོ་ཡི་གདན་ས》སོགས་ལེ་ཚན་རེས་མོས་འཁྲབ་སྟོན་བྱས་ནས་ཚང་མའི་སྣ་མང་ཕུན་སུམ་ཚོགས་པའི་ལུས་རྩལ་དང་། རིག་གནས་འཚོ་བ། བསམ་པའི་ཉམས་འགྱུར་བཟང་པོ་བཅས་མངོན་པར་བྱས་ཡོད།
གྲོང་མི་པད་མ་ཚེ་དཔལ་གྱིས་དེ་རིང་འདི་གར་སྒོར་གཞས་འགྲན་བསྡུར་བྱས་སོང་། ངས་ལེ་ཚན་མང་པོ་ཞིག་ལ་བལྟས་པ་ཡིན། ཁོང་ཚོས་སྒོར་གཞས་ཡག་པོ་འཁྲབ་ཀྱི་འདུག་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་དབྱིངས་ཞེས་པའི་ལོ་གསར་པའི་དམངས་ཁྲོད་སྒོར་གཞས་འགྲན་བསྡུར་སྐབས་དང་པོ་གཉེར་བར་ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཚོགས་པ་35ལྷག་ཙམ་གྱིས་མིང་ཐོ་ཧུར་ཐག་བཀོད་པ་དང་། མཐར་གདམ་གསེས་བྱས་པ་བརྒྱུད་ཚོགས་པ་17ད་ཐེངས་ཀྱི་འགྲན་བསྡུར་སྐབས་དང་པོའི་ནང་ཞུགས་ཐུབ་ཡོད་ལ། འགྲན་བསྡུར་སྐབས་དང་པོའི་ལྷུ་ཚིགས་སུ་དཔྱད་འདེམས་པས་ཡུལ་དངོས་སུ་སྐར་མ་རྒྱག་པ་དང་།དྲ་ཐོག་ནས་འདེམས་ཤོག་འཕེན་པ་གཉིས་ཟུང་འབྲེལ་བྱས་པས་མཐར་ཚོགས་པ་8རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་དང་། རྒྱལ་ཕམ་ཐག་གཅོད་ཀྱི་དུས་ཚོད་ནི་ཟླ་12ཚེས་28ཉིན་གྱི་ཆུ་ཚོད་7པར་ཡིན་པ་རེད།
ཚེ་མཆོག་གླིང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་མི་གཡང་འཛོམས་ཀྱིས་ང་ཚོས་དེ་རིང་འཁྲབ་སྟོན་བྱེད་པའི་ཞབས་བྲོ་ནི《སྐྱིད་ཆུ》ཞེས་པ་དེ་ཡིན། ཞབས་བྲོ་དེ་ནི་ང་ཚོས་རང་རྩོམ་རང་འཁྲབ་བྱས་པ་ཞིག་ཡིན་པ་དང་། ཡུལ་འདི་གའི་དམངས་སྲོལ་དང་སྒོར་གཞས་གཉིས་མཉམ་འདྲེས་གཏིང་ཟབ་བྱས་པ་ཞིག་ཀྱང་ཡིན། ད་ཐེངས་ང་ཚོའི་འགྲན་བསྡུར་ནང་ཞུགས་མཁན་གྱི་ཚོགས་མི་ཚང་མས་ཞབས་བྲོ་ཡག་པོ་འཁྲབ་ཀྱི་ཡོད་པས་འགྲན་བསྡུར་ནང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུའི་གདེང་ཚོད་ཡོད་ཅེས་བཤད།
ལྷ་སའི་དབྱིངས་ཞེས་པའི་ལོ་གསར་པའི་དམངས་ཁྲོད་སྒོར་གཞས་འགྲན་བསྡུར་སྐབས་དང་པོ་གཉེར་བའི་དམིགས་ཡུལ་ནི་སྒོར་གཞས་ཀྱི་རིག་གནས་རྒྱུན་འཛིན་དང་། དར་སྤེལ་གཏོང་བ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཅས་བཏང་ནས་རྒྱ་ཆེའི་སྒོར་གཞས་ལ་དགའ་པོ་བྱེད་མཁན་ཚོར་ཡུན་རིང་སྤེལ་རེས་དང་གཟུགས་པོ་ཐང་པོ་ཡོང་བའི་གར་སྟེགས་ཤིག་མཁོ་འདོན་བྱ་རྒྱུ་དེ་རེད། ཕྱིས་འབྱུང་། ལྷ་སའི་དབྱིངས་ཞེས་པའི་ཚོང་ལས་ཁྲོམ་གཞུང་གིས་སྒོར་གཞས་ལ་དགའ་པོ་བྱེད་མཁན་ཚོར་ས་ཆ་མཁོ་འདོན་བྱ་རྒྱུ་དང་། དེ་བཞིན་ནུས་པའི་ལྕོགས་ཚོད་ཀྱིས་ཞབས་ཞུའི་འགན་ལེན་བྱས་ནས་ལྷ་སའི་དབྱིངས་ཀྱི་སྒོར་གཞས་ལ་དགའ་པོ་བྱེད་མཁན་ཚོར་སྟེགས་བུ་ཞིག་གཏོད་རྒྱུ་ཡིན་པ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社