ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་དུས།ལྷ་ས་གྲོང་ཁྱེར་གྱིས་གཤེར་རླངས་སྡེབ་སྐྱེལ་ལས་རིགས་ཀྱི་སྤྱི་པའི་བདེ་འཇགས་ཀྱི་ཆེད་དོན་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཤིང་། ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་དེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག གྲོང་ཁྱེར་སྤྱི་བདེ་ཅུས་སོགས་ཀྱིས་མཉམ་འབྲེལ་ཐོག་སྒྲིག་འཛུགས་བྱས་པ་དང་།གྲོང་ཁྱེར་ཡོངས་ཀྱི་གཤེར་རླངས་སྡེབ་སྐྱེལ་ཁེ་ལས་ཀྱི་འགན་འཁུར་བ་དང་དེ་བཞིན་ལས་བཟོ་བའི་འཐུས་མི་ཚོགས་འདུར་ཞུགས་ཡོད་པ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་སྒྲོག་འགྲེལ་པ་ཁག་གིས་གཤེར་རླངས་ཀྱི་བདེ་འཇགས་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྡེབ་སྐྱེལ་ལྷུ་ཚིགས་ཀྱི་བདེ་འཇགས་བཀོལ་སྤྱོད་ཚད་གཞི། མེ་ཟོན་བདེ་འཇགས་ཤེས་བྱ། དེ་བཞིན་འཕྲལ་སྡོམ་ཐག་གཅོད་རྩལ་ནུས་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།
གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་བསྟན་འཛིན་ཟླ་བས་ད་ཐེངས་ཀྱི་མཉམ་འབྲེལ་སྒྲོག་འགྲེལ་གྱིས་རང་གྲོང་གི་གཤེར་རླངས་སྡེབ་སྐྱེལ་ལས་རིགས་དང་ལས་ཞུགས་མི་སྣའི་བདེ་འཇགས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཐའ་ཚད་དང་། དམར་ཐིག འགོག་སྲུང་འཛིང་རགས་བཅས་སྔར་བས་བརྟན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་ཐུབ་ཡོད།སླད་ཕྱིན།ང་ཚོས་དེ་དང་འདྲ་བའི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་བས་མང་བ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུར་ཕན་འབྲས་མི་དམན་པ་ཐོབ་བྱུང་།འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཁེ་ལས་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ།གཤེར་རླངས་སྡེབ་སྐྱེལ་ལྷུ་ཚིགས་ཀྱི་བདེ་འཇགས་འགན་ལེན་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
བོད་ལྗོངས་གངས་རི་ནུས་རྒྱུ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མི་ཧོ་ཐན་ཧྲེང་གིས་དེ་རིང་གི་གསོ་སྦྱོང་ལ་དོན་སྙིང་གལ་ཆེན་ལྡན་འདུག ང་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། འཕྲལ་སྡོམ་ཉེན་སེལ་དཔེ་སྟོན་ནང་སྦྱོང་གི་ཉམས་མྱོང་ཡང་ཤེས་བྱུང་།ང་ཚོས་ཐོལ་བྱུང་གནས་ཚུལ་དང་འཕྲད་སྐབས་བྱ་སྤྱོད་མགྱོགས་མྱུར་སྤེལ་རྒྱུ་དང་ཐག་གཅོད་འོས་འཚམ་བྱེད་ཐུབ་བྱུང་ལ། ཚོགས་པའི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ནུས་པའང་ཆེ་རུ་ཕྱིན་སོང་ཞེས་བཤད།
ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་དེས་ལྷ་ས་གྲོང་ཁྱེར་གྱི་གཤེར་རླངས་སྡེབ་སྐྱེལ་ལས་རིགས་སྔར་བས་ཚད་ལྡན་གཉེར་སྐྱོང་དང་སྤྱི་པའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་བརྟན་པོ་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུར་ཕན་ཐོགས་ཡོད་པ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社