(པར་ངོས་དང་པོར་མཐུད)ལོ་མཇུག་ཏུ། ལོ་འཁོར་ལ་ཕྱིར་མིག་ལྟ་བ། ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དོན་ཆེན་བཞི་ལ་དམིགས་པ་དང་། གསར་གཏོད་བཞིར་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཟབ་ཏུ་གཏོང་བ་བཅས་བྱས་པས་མི་དམངས་བློ་ཡིད་ཚིམ་པའི་ལན་ཞིག་བཏབ་ཡོད་པ་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མི་སེམས་ལ་ཟུག་པ་དང་།དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་པ། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་བརྟན་ལ་ནུས་པ་ལྡན་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། དམངས་འཚོ་འགན་ལེན་ནུས་ལྡན་བཅས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུའི་ཐོག་བོད་ཀྱི་འཕེལ་རྒྱས་དེ་དཔལ་འབྱོར་གྱི་གནད་དོན་ཁོ་ན་མིན་པར་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། དམངས་འཚོ་སོགས་ཀྱི་གནད་དོན་གྱི་རྩོད་སྒྲུབ་གཅིག་གྱུར་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་གི་སྤྱིའི་བླང་བྱ་གཅིག་གྱུར་འཆར་འགོད་བྱས་ཏེ། དོན་འཁྱོལ་བྱེད་དགོས། སྐད་ཆ་དེར་དམིགས་ནས་ཚོགས་ཞུགས་བློ་མཐུན་ཚོས་གྲོས་བསྡུར་འཁྲུག་པོ་བྱས།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཞའོ་ཉིང་གིས་གསར་འགོད་པར་སླད་ཕྱིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོཊ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུཊ་བྱས་ཏེ།ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་ཞིབ་འཇུག་གཏིང་ཟབ་དང་འཚོལ་ཞིབ་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ཟླ་བ་དངོས་གྲུབ་ཀྱིས་ངེས་པར་དུ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་ལྔ་ནི་མིག་སྔའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཀྱི་རང་བཞིན་ལ་ངོས་འཛིན་བྱས་པ་ཞིག་ཡིན་པས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚོཊ་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ལྗོངས་ཏང་ཨུད་ཀྱི་སྤྱིའི་བླང་བྱ་དང་བཀོད་སྒྲིག་དག་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་ལྷུ་ཚིགས་ཚང་མའི་ནང་དོན་འཁྱོལ་བྱས་ཐོག་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བའི་བོད་ཀྱི་ལེའུ་ཡག་པོ་ཞིག་བརྩམས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ལམ་འབྱེད་གདོང་ལེན་པ་ཞིག་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གོ་སྐབས་དང་འགྲན་སློང་གསར་པའི་མདུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཕྱི་ལོའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་པ། ཚོགས་འདུའི་ཐོག་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་གཏོང་རྒྱུ་སོགས་ཕྱོགས་མང་པོའི་ཐད་ནས་ཕྱི་ལོའི་དཔལ་འབྱོར་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་རེད།
དེའི་ཐད་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་ཚོགས་ཞུགས་བློ་མཐུན་རྣམས་མཉམ་དུ་འཛོམས་ནས་མྱོང་ཚོར་གླེང་བ་དང་། གོང་འཕེལ་གླེང་བ། ཇུས་བཟང་འདོན་པ་བཅས་བྱས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཝེ་ཆང་གིས་ཚོགས་འདུའི་ཐོག་ཁྱོན་ཡོངས་དང་དངོས་ཡོད་ཀྱི་སྒོ་ནས་ལོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་དང་། མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། ཕྱི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་ཁ་གསལ་བཟོས་ཡོད། གོང་འཕེལ་དང་སྒྱུར་བཅོས་ཨུ་ལྷན་དེ་དཔལ་འབྱོར་ལས་དོན་གྱི་གཙོ་འགན་འཁུར་མཁན་སྡེ་ཚན་ཞིག་ཡིན་པའི་ངོས་ནས་གཤམ་ལ་ང་ཚོས་ལས་འགན་ཁག་བགོས་དང་། བྱ་ཐབས་ཞིབ་ཕྲ། འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་ཐུབ་པར་བྱས་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
འཆར་འགོད་བཟོས་ཟིན་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བས་སྤྲོ་སེམས་རབ་ཏུ་འཕེལ་བཞིན་ཡོད།2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ལ་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་མཐའ་མཇུག་གི་ལོ་ཞིག་ཀྱང་ཡིན། དེ་ནི་བོད་ཀྱིས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་ངང་གོང་འཕེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། ཚོགས་ཞུགས་བློ་མཐུན་ཚོས་སྤྲོ་སེམས་དེ་བས་ཆེ་བ་དང་དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་ངར་ཤུགས་བསྒྲིམས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社