(པར་ངོས་དང་པོར་མཐུད)སེམས་མཐུན་གླིང་སྡེ་ཁུལ་དུ་གནས་པའི་སོས་ཉར་སྒོ་རྩིས་ཚོང་ཁང་གི་ཟོག་སྒྲོམ་ཐོག་ཚོང་ཟོག་སྣ་ཚོགས་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དང་། སྔོ་ཚལ་དང་ཤིང་འབྲས་སོས་པ་ནས་རྒྱུན་གཏན་མཁོ་བའི་འབྲས་དང་། གྲོ་ཞིབ། བཟའ་སྣུམ་བཅས་སྣ་ཁ་མང་ལ་གང་དགོས་ཚང་མ་ཡོད་པ་རེད།
དེ་བས་མི་རྣམས་ཧང་སངས་དགོས་པ་ཞིག་ནི་དེ་གའི་ཚོང་ཟོག་གི་རིན་གོང་ནི་ཁྲོམ་རའི་རིན་གོང་ལས་དམའ་བ་ཡོད་པས་གྲོང་མི་ཚོས་སྟབས་བདེ་པོ་ལོངས་སྤྱོད་བྱེད་པ་དང་དུས་མཚུངས་དངོས་ཕན་ཏན་ཏིག་ཚོར་ཐུབ་པ་བྱུང་ཡོད། སེམས་མཐུན་གླིང་སྡེ་ཁུལ་གྱི་གྲོང་མི་དབྱངས་ཅན་འཕྲིན་ལས་ཀྱིས་དེ་སྔ་ང་ཚོ་སྡོད་སའི་ཉེ་འཁོར་དུའང་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཡོད་ཀྱང་། ཚོང་ཟོག་གི་སྣ་ཁ་འཛོམས་པོ་མེད་ཁར་རིན་གོང་ཡང་མཐོ་ཙམ་ཡོད། སོས་ཉར་སྒོ་རྩིས་ཚོང་ཁང་བཙུགས་པ་ནས་བཟུང་། འདི་གར་ཚོང་ཟོག་ཕུན་སུམ་ཚོགས་ལ་རིན་གོང་ཡང་ཁེ་པོ་ཡོད་པས་ང་ཚོའི་སྡེ་ཁུལ་གྱི་གྲོང་མིར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་བཤད།
སྒོ་རྩིས་ཚོང་ཁང་ནང་གྲོང་མི་མི་ཉུང་བ་ཞིག་གིས་ཚོང་ཟོག་འདེམས་བཞིན་ཡོད་ཅིང་། སྒོ་རྩིས་ཚོང་ཁང་ལས་གཉེར་བྱས་པ་ནས་བཟུང་། གྲོང་མི་ཚོས་འཚོ་བའི་མཁོ་ཆས་ཉོ་བར་སེམས་ཁྲལ་བྱེད་དགོས་མེད། རྐང་ཐང་མར་སྐར་མ་ཁ་ཤས་བསྐྱོད་ཚེ་ཚོང་ཁང་དུ་སླེབས་ཀྱི་ཡོད་པས་དུས་ཚོད་གྲོན་ཆུང་ཐུབ་ཀྱི་ཡོད་ལ་དཀའ་ལས་ཀྱང་ཁག་པོ་མེད། དེ་དང་ཆབས་ཅིག་སྒོ་རྩིས་ཚོང་ཁང་དེས་ད་དུང་སྡེ་ཁུལ་གྱི་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད་པ་སྟེ། སློབ་ཆེན་ཐོན་པའི་བག་གྲོ་ནི་དེའི་ཁྲོད་ཀྱི་ཁེ་ཕན་ཐོབ་མཁན་གྱི་གྲས་ཤིག་ཡིན། ཁོང་གིས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བརྟན་པོ་ཞིག་རག་བྱུང་བས་ཁྱིམ་ཚང་ལ་ལྟ་རྟོག་བྱེད་བདེ་ལ་རང་ཉིད་ཀྱི་རིན་ཐང་ཡང་མངོན་འགྱུར་ཐུབ་པས་འདོད་བློ་ཁེངས་པ་དང་བདེ་སྐྱིད་ལྡན་པའི་ཚོར་སྣང་བྱུང་། སྒོ་འགྲམ་དུ་སོས་ཉར་སྒོ་རྩིས་ཚོང་ཁང་བཙུགས་པས་ང་ཚོའི་འཚོ་བ་སྔར་བས་སྟབས་བདེ་རུ་ཕྱིན་པ་དང་ཆབས་ཅིག་ང་ཚོ་སློབ་ཆེན་ཐོན་མའི་སློབ་མར་སྒོ་རྩར་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད་པ་དང་། ད་ལྟ་ང་ནི་སྒོ་རྩིས་ཚོང་ཁང་གི་ཕྱིར་ཚོང་པ་ཞིག་ཡིན་ལ་ཟླ་རེར་གླ་ཆ་སྒོར་5200ཡོད་པར་མ་ཟད། ད་དུང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་བདེ་པོ་ཡོད་པས་ཧ་ཅང་ཡག་པོ་བྱུང་ཞེས་བཤད།
གྲོང་ཁྱེར་ཚོང་དོན་ཅུས་དང་དེ་བཞིན་རིག་གནས་བློ་གསར་གླིང་དོ་དམ་ཨུ་ལྷན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སེམས་མཐུན་གླིང་སྡེ་ཁུལ་གྱི་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་312བཏང་བའི་ནང་ཚོང་དོན་ཅུས་དམངས་ཕན་ཚོང་དོན་འཁོར་རྒྱའི་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་235བཏང་བ་དང་སྡེ་ཁུལ་གྱིས་མ་དངུལ་སྒོར་ཁྲི་77གྲབས་གསོག་བྱས་ནས་2024ལོའི་ཟླ་5པར་དངོས་སུ་ལས་འགོ་བཙུགས་པ་དང་། ཟླ་7པར་བསྐྱར་སྐྲུན་དང་རྒྱས་སྐྲུན་གྱི་ལས་དོན་ཚང་མ་ལེགས་གྲུབ་ཟིན་ནས་བེད་སྤྱོད་བཏང་བ་རེད། རྣམ་གྲངས་དེས་སྡེ་ཁུལ་དེ་དང་དེ་བཞིན་ཉེ་འཁོར་གྱི་སྤྱི་ལེ་3གྱི་ཁྱབ་ཁོངས་ནང་གི་གྲོང་མི་ཞབས་ཞུ་བྱ་ཡུལ་དུ་བྱས་ནས་དམངས་ཕན་ཞབས་ཞུའི་ཚོང་ལས་འཁོར་རྒྱ་འཕེལ་རྒྱས་བཏང་ཡོད་པ་རེད། རྣམ་གྲངས་དེར་ཁྱོན་ཁག་7ཡོད་པ་དེ་དག་ནི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ས་ཚིགས་དང་། སློབ་གསོ་སྒྱུ་རྩལ་གསོ་སྦྱོང་ལྟེ་གནས། རིག་ནུས་ཟ་ཁང་། མཉམ་སྤྱོད་ལུས་སྦྱོང་ཁང་། སོས་ཉར་སྒོ་རྩིས་ཚོང་ཁང་། ཁྱིམ་ལས་དོ་དམ་པ། གཟུགས་བརྙན་གྱི་བར་མཐོངས་བཅས་ཡིན་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1223ཟིན་པ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེ་བ། སྣ་ཁ་འཛོམས་པ། མཐའ་འཁོར་གྱི་གྲོང་མིའི་དགོས་མཁོ་ཚང་མར་ཁྱབ་པ་བཅས་བྱུང་ཡོད། དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་དེས་གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་ལོངས་སུ་སྤྱོད་རྒྱུ་བྱུང་བར་མ་ཟད། སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་གསོན་ཤུགས་གསར་པ་བསྣན་ཡོད། སེམས་མཐུན་གླིང་སྡེ་ཁུལ་གྱི་ལས་དོན་པ་གསལ་སྒྲོན་གྱིས་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་ཡོད་པ་ནས་བཟུང་། གྲོང་མི་ཚོའི་འཚོ་བར་དངོས་འབྲེལ་སྟབས་བདེ་རུ་ཕྱིན་པ་དང་། ཉེ་འགྲམ་གྱི་སྒོ་རྩིས་ཚོང་ཁང་ནས་གཞི་རྩའི་རྒྱུན་ལྡན་གྱི་ཉོ་སྒྲུབ་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། རྗེས་མར་ང་ཚོས་ཚོང་ལས་ཀྱི་ལས་རྣམ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁྱད་ལྡན་ཚོང་ཁང་ཆུང་གྲས་དེ་བས་མང་བ་ནང་འདྲེན་བྱས་ཏེ་ཡུལ་མིའི་སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་རྩིས་ཡོད། དེ་དང་ཆབས་ཅིག་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྤྲོ་གསེང་ལུས་སྦྱོང་ཁུལ་མང་དུ་གཏོང་བ། སྤྱི་པའི་འགྲིམ་འགྲུལ་སྦྲེལ་མཐུད་ལེགས་སུ་གཏོང་བ་སོགས་བྱས་ནས་གྲོང་མིའི་འཚོ་བར་སྟབས་བདེ་བསྐྲུན་རྒྱུ་མ་ཟད། ད་དུང་སྤུས་ཚད་མཐོ་བའི་སྡེ་ཁུལ་གྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
མིག་སྔར། རང་གྲོང་དུ་བར་སྐོར་ཁྲོམ་གཞུང་ལྟེ་བར་བྱས་པའི་གནའ་གྲོང་ཁུལ་དུ་རིགས་ཁག་གི་ཚོང་ལས་དྲ་ཚིགས་4100ལྷག་ཙམ་ཡོད་པས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་གཙོ་བོར་བྱས་པའི་ཁྱད་ལྡན་འཛད་སྤྱོད་ཚོང་ལས་ཀྱི་འཁོར་རྒྱ་ཞིག་ཆགས་ཡོད། དེ་དང་ཆབས་ཅིག་ཤར་དུ་ཝན་ཏ་ཚོང་ལས་འཁོར་རྒྱ་དང་། ནུབ་ཏུ་ནུབ་ཕྱོགས་ཚོང་ལས་འཁོར་རྒྱ། བྱང་དུ་གྲོང་བྱང་གནམ་ས་གསར་པའི་ཚོང་ལས་འཁོར་རྒྱ། ལྷོ་རུ་སྣེའུ་ཚོང་ལས་འཁོར་རྒྱ་དང་། རིག་གནས་བློ་གསར་གླིང་ཚོང་ལས་འཁོར་རྒྱ། དོན་གྲུབ་དངུལ་རྩའི་གྲོང་གི་ཚོང་ལས་འཁོར་རྒྱ་བཅས་ཡོད་པས་ས་ཁོངས་ཚོང་ལས་འཁོར་རྒྱའི་བཀོད་པ་ལུགས་མཐུན་དང་ལས་རྣམ་ཕུན་སུམ་ཚོགས་པོ་ཡོད་པ་རེད། སྡེ་ཁུལ་གྱི་ཚོང་ལས་འཁོར་རྒྱའི་ངོས་ནས་བརྗོད་ན། ལྕགས་རོང་དང་། སྣེའུ། བརྒྱད་གཅིག་སོགས་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་10ལྷག་ཙམ་གྱི་གཞི་རྩའི་འགན་ལེན་རིགས་ཀྱི་ལས་རྣམ་ཕུན་སུམ་ཚོགས་པ་དང་སྤུས་ཚད་མཐོར་གཏོང་རིགས་ཀྱི་ལས་རྣམ་འཐུས་སྒོ་ཚང་བས་གྲོང་མིས་རང་ཁྱིམ་གྱི་སྒོ་འགྲམ་ནས་སྟབས་བདེ་བའི་འཚོ་བའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ནས་གྲོང་མིའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད། གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ལི་ནའེ་ཤོན་གྱིས་རང་གྲོང་གིས་གྲོང་ཁྱེར་གྱི་ནུས་པ་ཁྱབ་ཚུལ་དང་མི་འབོར་འདུས་ཚད་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་གྱི་འཛད་སྤྱོད་བར་མཐོངས་ཀྱི་ཚོང་ལས་མ་ལག་འཆར་འགོད་བྱེད་བཞིན་ཡོད་པ་དང་། དམངས་ཕན་འཚོ་བའི་འཁོར་རྒྱའི་བཀོད་པ་འཆར་འགོད་ལུགས་མཐུན་བྱ་རྒྱུ་ཡིན། སླད་ཕྱིན་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་འཛད་སྤྱོད་གསར་པ་འཛུགས་སྐྱོང་དང་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཞབས་ཞུའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་བཀོད་པ་ལེགས་སྒྱུར། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན། ང་ཚོས་ད་དུང་མཚན་མོའི་དཔལ་འབྱོར་དང་། ཐོག་མའི་ཚོང་ཁང་དཔལ་འབྱོར། དྲ་ཐོག་ཚོང་དོན་དཔལ་འབྱོར་སོགས་འཛད་སྤྱོད་རྣམ་པ་གསར་པ་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་ར་དར་རྒྱས་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社