分享按钮

ལྷ་སས་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་ཚོད་ལྟའི་ལས་དོན་སྤེལ་བར་ཕན་འབྲས་ཐོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་། གསར་འགོད་པས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར། 2023ལོར། ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་ཚོད་ལྟའི་ས་ཁུལ་ཁག་གསུམ་པའི་མིང་ཐོའི་ནང་བདམས་ཚུན། རང་གྲོང་གིས་མང་ཚོགས་ཀྱི་དགོས་མཁོ་དང་ལེན་ཧུར་ཐག་ཞུས་པ་དང་། ཞབས་ཞུའི་རྣམ་པ་འཚོལ་ཞིབ་དང་གསར་གཏོད་ཟམ་མི་ཆད་པར་བྱས་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་གཞོལ་བ་བཅས་བྱས་པས་གྲོང་མིར་དེ་བས་སྟབས་བདེ་དང་ནུས་ཆེའི་འཚོ་བའི་ཞབས་ཞུ་མཁོ་འདོན་བྱས་པར་མ་ཟད། གྲོང་ཁྱེར་སྤྱི་ཡོངས་ཀྱི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་གྲོང་མི་ཚོས་གྲོང་ཁྱེར་འཕེལ་རྒྱས་ཀྱི་དྲོ་སྐྱིད་དང་གསོན་ཤུགས་ཚོར་ཐུབ་པ་བྱུང་ཡོད།

དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། རང་གྲོང་གིས་2023ལོའི་ཟླ་བ་12ནས་བཟུང་། ཁྱོན་སྲིད་ཇུས་རང་བཞིན་གྱི་མ་དངུལ་སྒོར་ཁྲི་900བཏང་ནས་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་རྣམ་གྲངས་26ལག་ལེན་བསྟར་བ་དང་། སྤྱི་ཚོགས་ཀྱི་མ་རྩ་སྒོར་ཁྲི་900ཐོབ་པ། རིག་གནས་བློ་གསར་གླིང་ཚེ་མཆོག་གླིང་ཁྲོམ་གཞུང་སེམས་མཐུན་གླིང་སྡེ་ཁུལ་གྱི་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་རྣམ་གྲངས་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། གསར་འགོད་པ་སེམས་མཐུན་སྡེ་ཁུལ་དུ་སྐྱོད་སྐབས། དྲོ་སྐྱིད་ལྡན་ལ་སྟབས་བདེ་བའི་འཚོ་བའི་སྲོལ་གསར་ཞིག་རིམ་གྱིས་དར་ནས་གྲོང་མི་ཚོའི་རྒྱུན་གཏན་གྱི་འཚོ་བར་རིམ་གྱིས་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མཐོང་བྱུང་།

སྡེ་ཁུལ་གྱི་རིག་ལྡན་ཟ་ཁང་དུ་གྲོང་མི་ཚོས་དྲོ་འཇམ་ཉི་འོད་འོག་བོད་ཐུག་འཐུང་བ་དང་། ཇ་མངར་མོ་འཐུང་བ། ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་དུ་གྲགས་ཏེ་བདེ་སྐྱིད་ལྡན་པའི་སྡེ་ཁུལ་གྱི་འཚོ་བའི་རྣམ་པ་ཡག་པོ་ཞིག་གྲུབ་ཡོད། རིག་ནུས་ཟ་ཁང་དེ་འདི་ལོའི་ཟླ་བ་དྲུག་པར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་312ཟིན་པ་དང་། ཐོག་སོ་གཉིས་ལྡན་ཡིན་པ། དེང་རབས་ཀྱི་ཇུས་འགོད་བྱས་ཡོད་ལ་ནུས་པ་ཆ་ཚང་བས་གྲོང་མིའི་རྒྱུན་གཏན་གྱི་ལྟོ་ཟ་བའི་དགོས་མཁོ་སྐོང་ཐུབ་པར་མ་ཟད། དེར་སྟབས་བདེ་དང་། གཙང་བ། འཚོ་བཅུད། གོང་ཁེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས། སྡེ་ཁུལ་གྱི་གྲོང་མིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སེམས་མཐུན་གླིང་སྡེ་ཁུལ་གྱི་གྲོང་མི་ལྷ་བཟང་གིས་སྡེ་ཁུལ་གྱི་རིག་ལྡན་ཟ་ཁང་དེ་སྒོ་འགྲམ་དུ་ཡོད་པས་རྐང་ཐང་མར་སྐར་མ་ཁ་ཤས་བསྐྱོད་ན་སླེབས་ཀྱི་འདུག རྒྱུན་དུ་ང་ཚོ་དེ་གར་ཇ་འཐུང་བ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པར་ཡོང་གི་ཡོད། རིན་གོང་ཡང་ཁེ་པོ་ཡོད་ལ་ཧ་ཅང་སྟབས་བདེ་པོ་ཡོད་ཅེས་བཤད།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c192985.html 1 ལྷ་སས་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་ཚོད་ལྟའི་ལས་དོན་སྤེལ་བར་ཕན་འབྲས་ཐོན་པ། /enpproperty-->