分享按钮

ཁེ་ལས་3000ཙམ་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གཅིག་པར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ།ཟླ་11ཚེས་28ཉིན།ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གཅིག་པ་ཀོང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། སྐབས་འདིའི་ཞིང་ལས་ཐོན་རྫས་ཚོང་འདུས་ཀྱིས་དེང་རབས་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་པ་གཙོ་དོན་དུ་བྱས་ཏེ།གྲུབ་འབྲས་འགྲེམས་སྟོན་དང་། སྤེལ་རེས་ལ་སྐུལ་འདེད། སྤུས་རྟགས་གཏོད་པ། ཚོང་དོན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞིའི་ནང་དོན་ལ་གཙོ་གནད་ཐོག་དམིགས་པ་ཞིག་ཡིན་ཞིང་། འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ལྷག་ཙམ་ཟིན་པ་དང་། ཁེ་ལས་3000ཙམ་གྱིས་འགྲེམས་སྟོན་དངོས་རྫས་སྣ་ཁ་ཁྲི་2ལྷག་ཙམ་ཁྱེར་ནས་འགྲེམས་སྟོན་ནང་ཞུགས་པ་དང་འགྲེམས་སྟོན་ནང་ཞུགས་མཁན་ཆེད་ལས་ཉོ་སྒྲུབ་ཚོང་པ་སྔོན་དཔག་བྱས་ན་ཁྲི་5ལྷག་ཙམ་ཟིན་ཡོད་པ་རེད།

སྐབས་འདིའི་ཞིང་ལས་ཐོན་རྫས་ཚོང་འདུས་ནི་ཞིང་ལས་དང་གྲོང་གསེབ་པུས་གཙོ་གཉེར་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་འགྲེམས་སྟོན་ཁང་དང་། ཀོང་ཏུང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཀོང་ཀྲོའུ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་བཅས་ཀྱིས་གཉེར་འགན་ཁུར་བ་ཞིག་ཡིན་ཞིང་། ཁྱོན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྤུས་རྟགས་ཞིང་ལས་ཐོན་རྫས་དང་། གྲོང་གསེབ་ཀྱི་རོགས་སྐྱོར་ཐོན་ལས་སྤུས་དག རིག་ལྡན་ཞིང་ལས། རྨོ་འདེབས་རིག་གནས། ཞིང་འཕྲུལ་སོགས་འགྲེམས་ཁུལ་12བཙུགས་ཡོད་པ་རེད། འགྲེམས་ཁུལ་ཆེ་གྲས་ཁག་ཏུ་ངོ་མཚར་ཆེ་བའི་རྣམ་པ་མངོན་ཡོད་པ་སྟེ།རིགས་ཁག་གི་ཞིང་ལས་ཀྱི་ཐོན་རྫས་གསར་པ་དང་། སྣ་ཁ་གསར་པ། ལག་རྩལ་གསར་པ། སྒྲིག་ཆས་གསར་པ། ལས་རྣམ་གསར་པ་བཅས་འགྲེམས་སྟོན་བྱས་ཏེ། ཞིང་ལས་དེང་རབས་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

སྐབས་འདིའི་ཞིང་ལས་ཐོན་རྫས་ཚོང་འདུས་ཐོག་ཧ་སག་སི་ཐན་འདི་ཉིད་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ལ་གཏན་འཁེལ་བྱས་པ་དང་། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་གཙོ་བོར་བྱས་པའི་རྒྱལ་སྤྱིའི་མཉམ་ལས་འགྲེམས་ཁུལ་ཆེད་མངགས་བཙུགས་ནས་ཧ་སག་སི་ཐན་སོགས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་15ནས་ཡོང་བའི་ཁེ་ལས་རྩེ་གྲ་འགྲེམས་ཚོགས་ནང་ཞུགས་པ་དང་། ཧ་སག་སི་ཐན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགྲེམས་ཁུལ་དང་། རྒྱལ་སྤྱིའི་ཞིམ་ཟས་ཁྲོམ་གཞུང་། མཚོ་ཁུག་ཁུལ་གྱི་ཞིང་ལས་མཉམ་ལས་འགྲེམས་ཁུལ་སོགས་ཁྱད་ལྡན་གླིང་ཁུལ་བཏོད་དེ། གོ་ལ་ཧྲིལ་པོའི་ཞིང་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཡིད་དབང་འཕྲོག་ཤུགས་གསར་པ་མངོན་པ་དང་ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཚོང་དོན་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད།

འདི་ལོ་ནི་ཞིང་ལས་ཐོན་རྫས་ཚོང་འདུས་དེ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན། མཚོ་ཁུག་ཁུལ་བཅས་སུ་ཁྱབ་གདལ་གཏོང་ཐེངས་ཐོག་མ་དེ་ཡིན་པ་དང་། ཀོང་ཏུང་དེང་རབས་ཞིང་ལས་དངོས་མང་སྟོན་ཚོགས་དང་དུས་གཅིག་ཏུ་གཉེར་བ་དང་སྦྲགས། 2024ལོའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་ས་ཁུལ་གྱི་ཡུལ་ཟོག་ཐོན་རྫས་དག་མཚོ་ཁུག་ཁུལ་དུ་འོས་སྦྱོར་གཟའ་འཁོར་དང་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཚོང་པའི་མནའ་འབྲེལ་བཙུགས་ཏེ། ཞིང་ལས་སྤུས་རྟགས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་དང་འོས་སྦྱོར་བྱེད་པ། ཞིང་ལས་དང་གྲོང་གསེབ་ཀྱི་གྲངས་གཞི་ཆེན་མོའི་ཉེར་སྤྱོད་མཉེན་ཆས་མ་ལག་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱེད་སྒོ་གལ་ཆེན་དང་དེ་བཞིན་སྤུས་རྟགས་འོས་སྦྱོར་བྱེད་སྒོ་30ལྷག་ཙམ་གཉེར་བ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191975.html 1 ཁེ་ལས་3000ཙམ་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གཅིག་པར་ཞུགས་པ། /enpproperty-->