分享按钮

ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་ བསུ་བའི་མཛད་སྒོ་ཐེངས་བཅུ་གཅིག་ པ་ཧྲེན་དབྱང་དུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་དེ་ཚེས་28ཉིན་ཧྲེན་དབྱང་དུ་འཚོགས་པ་རེད། དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་43གྱི་པུར་རུས་དང་ཤུལ་བཞག་གི་དངོས་རྫས་495རང་རྒྱལ་གྱི་མཁའ་དམག་གིས་ཆེད་གཏོང་གནམ་གྲུ་བརྒྱུད་ལྷོ་ཁོ་རེ་ཡ་ནས་ལེའོ་ཉིང་གི་ཧྲེན་དབྱང་དུ་བསུས་ནས་མེས་རྒྱལ་གྱི་པང་དུ་ལོག་ཡོད་པ་རེད།

ཆུ་ཚོད་12དང་སྐར་མ་07གྱི་ཐོག་མཁའ་དམག་གི་སྐྱེལ་འདྲེན-20རྟགས་ཅན་གྱི་ཆེད་གཏོང་གནམ་གྲུ་ཞིག་ཧྲེན་དབྱང་ཐའོ་ཤན་རྒྱལ་སྤྱིའི་གནམ་ཐང་དུ་དལ་གྱིས་བབས་པ་དང་། མཁའ་དམག་གི-20རྟགས་ཅན་གྱི་ཆེད་གཏོང་དམག་འཐབ་གནམ་གྲུ་གཉིས་ཀྲུང་གོའི་མངའ་ཁོངས་ཀྱི་བར་སྣང་དུ་སླེབས་རྗེས་ཆེད་གཏོང་གནམ་གྲུ་དང་མཉམ་དུ་འཕུར་སྐྱོད་སྲུང་སྐྱེལ་བྱས་པ་དང་འབྲེལ་ཧྲེན་དབྱང་ཐའོ་ཤན་རྒྱལ་སྤྱིའི་གནམ་གྲུའི་འབབ་ཐང་གི་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་འགོ་ཚུགས་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཆེད་གཏོང་གནམ་གྲུ་བབས་རྗེས།ཧྲེན་དབྱང་ཐའོ་ཤན་རྒྱལ་སྤྱིའི་གནམ་ཐང་གིས་གུས་ལུགས་མཐོ་ཤོས་ཀྱི་ཐོག་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཁྱིམ་དུ་ལོག་པར་བསུ་མ་ཞུས་ཡོད།

ཆུ་ཚོད་12དང་སྐར་མ་50ཡི་ཐོག ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཐེངས་བཅུ་གཅིག་པ་དེ་གནམ་ཐང་དུ་འཚོགས་པ་དང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཕེ་ཅིན་ཅ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ། ཕྱི་འབྲེལ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་། ཧྲེན་དབྱང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། ཧྲེན་དབྱང་དུ་བཅའ་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་སོགས་ཀྱི་འགན་འཁུར་བློ་མཐུན་དང་། ཨ་འགོག་ཁྲའོ་རོགས་ཀྱི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། འཇིག་རྟེན་འཕུར་སྐྱོད་ཀྱི་དཔའ་བོའི་འཐུས་མི། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་གྱི་འཐུས་མི། རིག་རྩལ་ལས་དོན་པུའི་འཐུས་མི། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞོན་ནུའི་ལས་བྱེད་པའི་འཐུས་མི། དཔུང་སྡེའི་དཔོན་དམག་གི་འཐུས་མི། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་དགེ་སློབ་ཀྱི་འཐུས་མི། གཞོན་ནུ་ལོ་ཆུང་གི་སློབ་མའི་འཐུས་མི་སོགས་མི་གྲངས་1000ཙམ་མཛད་སྒོར་ཞུགས་ཡོད་པ་རེད། མཛད་སྒོ་སྤེལ་ཡུལ་དུ་སྒམ་བརླིང་ལྡན་ཞིང་། སྔོན་གཤེགས་དཔའ་བོའི་པུར་སྒམ་ཐོག་དམར་མདངས་བཀྲ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཀབ་ཡོད་པ་དང་། བྱེད་སྒོ་སྤེལ་ཡུལ་གྱི་མི་སྣ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོའི་པུར་རུས་ལ་གུས་འདུད་ལན་གསུམ་ཞུས་པ་རེད།

མཛད་སྒོ་མཇུག་འགྲིལ་རྗེས།དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་སྒམ་ཉེན་རྟོག་པའི་སྦག་སྦག་48ལས་གྲུབ་པའི་ཉེན་རྟོག་པའི་སྦག་སྦག་རུ་ཁག་གི་སྲུང་སྐྱེལ་འོག་དམག་སྤྱོད་སྐྱེལ་འདྲེན་རླངས་འཁོར་6གིས་ཧྲེན་དབྱང་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོར་བསྐྱལ་བ་རེད། ཧྲེན་དབྱང་ལས་རིགས་ཁག་གི་མང་ཚོགས་ཀྱིས་ལམ་རྒྱུད་དུ་བང་བསྒྲིགས་ནས་དཔའ་བོ་ཁྱིམ་དུ་ལོག་པར་བསུ་མ་ཞུས་པ་དང་འབྲེལ་འགྲིམ་འགྲུལ་གཙོ་གནད་ཁག་དང་། སྐྱེལ་འདྲེན་རླངས་འཁོར། བཟོ་སྐྲུན་གཙོ་བོ་ཁག་བཅས་སུ་དཔའ་བོར་གུས་འདུད་ཞུ་བའི་སྦྱར་ཡིག་བཀལ་ཡོད་པ་རེད།

བཀོད་སྒྲིག་གཞིར་བཟུང་།ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་འཇུག་མཛད་སྒོ་ཐེངས་བཅུ་གཅིག་པ་དེ་ཟླ་11ཚེས་29ཉིན་གྱི་ཆུ་ཚོད་10པར་ཧྲེན་དབྱང་གི་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཐང་ཆེན་དུ་སྤེལ་ཡོད་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་ཟླ་11ཚེས་28ཉིན།ཧྲེན་དབྱང་ཐའོ་ཤན་རྒྱལ་སྤྱིའི་གནམ་ཐང་དུ་གུས་དམག་གིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་སྒམ་རླངས་འཁོར་ནང་སྐྱེལ་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191976.html 1 ལྷོ་ཁོ་རེ་ཡར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་ བསུ་བའི་མཛད་སྒོ་ཐེངས་བཅུ་གཅིག་ པ་ཧྲེན་དབྱང་དུ་འཚོགས་པ། /enpproperty-->