分享按钮

བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་ནང་མཁོ་རྒྱ་ཆེར་བཏང་བ་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར“བོད་ལྗོངས་དངུལ་རྩའི་ཁོངས་གཏོགས་ཀྱིས་འཕར་བྱེད་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྡོད་ཁང་འཛད་སྤྱོད་ལ་སྐུལ་མ་གཏོང་བ་དང་། རླངས་འཁོར་འཛད་སྤྱོད་ལ་སྐུལ་མ་གཏོང་བ། དངུལ་རྩའི་ཐོན་རྫས་ཀྱི་གཞུང་འཁྱོངས་གསར་འབྱེད་ལ་སྐུལ་མ་གཏོང་བ། འཛད་སྤྱོད་ཀྱི་མཁོ་སྤྲོད་ཕྱོགས་ལེགས་སུ་དང་རིམ་སྤོར་ལ་སྐུལ་མ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ། ནང་མཁོ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྡོད་ཁང་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་ཐད། མིག་སྔར་རང་ལྗོངས་ཀྱི་དངུལ་རྩས་ས་ཁང་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དེ་ལོ་རྒྱུས་ཐོག་གི་ཡག་ཤོས་ཤིག་ཡིན་པ་དང་། བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་དང་མཉམ་དུ་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་དང་མཐུན་སྦྱོར་གྱི“མིང་ཐོ་དཀར་པོའི”ལམ་སྲོལ་བཙུགས་ནས། ཆ་རྐྱེན་དང་མཐུན་པའི་སྐྲུན་བཞིན་པ་དང་བཙོངས་ཟིན་ཀྱང་རྩིས་སྤྲོད་དཀའ་བའི་རྣམ་གྲངས་དེ་མ་དངུལ་བསྡུ་སྒྲིལ་གྱི“མིང་ཐོ་དཀར་པོའི”ནང་བཅུག་རྩིས་ཡོད། མིག་སྔར“མིང་ཐོ་དཀར་པོའི”རྣམ་གྲངས་16གྲུབ་ཡོད་ཅིང་། མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྒོར་དུང་ཕྱུར་33.2བརྒྱུད་སྐྱེལ་བྱས་ཤིང་།དངུལ་བུན་རྣམ་གྲངས་10བཏང་ཟིན་ཡོད། རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་17.2བཏང་ཡོད།

རླངས་འཁོར་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་ཐད། རླངས་འཁོར་གྱི་དངུལ་རྩའི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། རླངས་འཁོར་སྐས་རིམ་བཞིན་འཛད་སྤྱོད་དང་གསར་བརྗེས་འཛད་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་བ། ཉེན་ཁ་ཚོད་འཛིན་ཐུབ་པའི་རྨང་གཞིའི་ཐོག“ལག་བརྒྱུད་རླངས་འཁོར”ཁྲོམ་རའི་ཡིད་རྟོན་དངུལ་བུན་དང་འགན་བཅོལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རླངས་འཁོར་རྙིང་ཚབ་གསར་བརྗེ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཛད་སྤྱོད་ལ་སྐུལ་མ་གཏོང་བ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འགན་བཅོལ་གྲོན་དངུལ་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། འགན་བཅོལ་ཐབས་ལམ་ཤར་གཏོང་ཐུབ་པར་བྱེད་པ། སྐྱིན་ཚབ་འཇལ་བའི་དུས་ཚོད་མཐོ་རུ་གཏོང་བ་བཅས་བྱས་ཡོད།

དངུལ་རྩའི་ཐོན་རྫས་གཞུང་འཁྱོངས་གསར་འབྱེད་བྱ་རྒྱུར་སྐུལ་མ་གཏོང་བའི་ཐད། ཡིད་རྟོན་དངུལ་བུན་གྱི་ཁ་གསབ་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་བོད་ལྗོངས་སུ་འཛད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དངུལ་ཁང་ཁག་གིས་དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་དངུལ་བུན་གྱི་ཐོན་རྫས་འདོན་རྒྱུར་ཁྲིད་སྟོན་བྱས་པས།སྡོད་ཁང་མཛེས་བཟོ་དང་ཡུལ་སྐོར་སོགས་ཚུད་པའི་ལུགས་མཐུན་གྱི་སྤྱོད་གོ་ཆོད་པའི་འཛད་སྤྱོད་དངུལ་བུན་གྱི་སྣང་ཚུལ་མཐའ་དག་ལ་རྒྱབ་སྐྱོར་བྱེད་ཆོག་པ་དང་།ཟླ་རེར་སྐྱེད་ཀ་སྤྲོད་པ་དང་རིམ་པ་དབྱེ་ནས་མ་དངུལ་འཇལ་བའི་སྟབས་བསྟུན་གྱི་དངུལ་བུན་སྤྲོད་སྟངས་སྤྱོད་ཆོག་གི་ཡོད། “འབྲི་གཡག་དངུལ་བུན”དང“སྦི་རག་དངུལ་བུན”སོགས་ཁྱད་ལྡན་ཐོན་རྫས་བཏོན་ཏེ།སྒོ་རྩིས་ཚོང་ཁང་དང་བཟའ་འཐུང་ཚོང་པ་སོགས་དང་མཉམ་ལས་ཀྱིས་དམིགས་བསལ་གྱི་ཡིད་རྟོན་གཱ་དང་སྤྱི་ཚོགས་འགན་བཅོལ་གཱ་སྤྱད་ནས་འཛད་སྤྱོད་བྱེད་པ་དང་རིན་གོང་གཅོག་པའི་གཟིགས་སྐྱོང་མཁོ་འདོན་བྱས་པས།འཛད་སྤྱོད་ལ་སྐུལ་འདེད་དང་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་ཡོད།

འཛད་སྤྱོད་ཀྱི་མཁོ་སྤྲོད་ཕྱོགས་ལེགས་སུ་དང་རིམ་སྤོར་ལ་སྐུལ་མ་གཏོང་བའི་ཐད།“གངས་ལྗོངས་ཞིང་དར་Eདངུལ་བུན”དང“མཛེས་སྡུག་ལྡན་པའི་བོད་ལྗོངས།རྨང་གཞིའི་ཐོན་ལས་དངུལ་བུན”སོགས་ཀྱི་ཐོན་རྫས་ཁྱབ་གདལ་དུ་བཏང་ནས་འབྲི་གཡག་དང་བོད་ཕག་སོགས་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ལ་དམིགས་ཏེ། ཞིང་དུད་དང་། ཁྱིམ་ཚང་ཞིང་ར། ཞིང་ལས་དཔལ་འབྱོར་དངོས་ཚན་གསར་པ་བཅས་དང་། དེ་བཞིན་བོད་མིའི་སྡོད་ཁང་གཉེར་སྐྱོང་མཁན་ལ་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་བཏང་ནས་རྨང་གཞིའི་སྒྲིག་བཀོད་ལེཊ་སུ་བཏང་བ་སོཊ་བྱས་ཡོད།

གཞན་ཡང་། བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་དུང་ནོར་སྲིད་སྡེ་ཚན་དང་མཉམ་དུ་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་དངུལ་གཏོང་ཚད་མཐོ་རུ་དང་སྐྱེད་ཀ་དམའ་རུ་བཏང་བ་དང་།སྨན་བཅོས་འགན་བཅོལ་སྡེ་ཚན་དང་མཉམ་དུ་སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྤྱད་ནས་ཚོང་ལས་འགན་བཅོལ་ཉོ་བའི་སྲིད་ཇུས་བཏོན་ཡོད། དེ་བཞིན་མི་སྒེར་གྱི་རྩིས་ཁྲའི་མ་དངུལ་འཁོར་རྒྱུག་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་བའི་སྣ་མང་ཅན་གྱི་སྨན་བཅོས་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 6 6 拉萨日报藏文 c191830.html 1 བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ནས་ནང་མཁོ་རྒྱ་ཆེར་བཏང་བ་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་བ། /enpproperty-->