ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་27ཉིན། སྔར་ཡོད་གླིང་སྐོར་ཤར་ལམ་སྦྲག་སྲིད་ཉིང་ལག་ཅུས་ཀྱི་རྨང་གཞིའི་ཐོག ལོ་ཕྱེད་ཙམ་ལ་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གླིང་སྐོར་ཤར་ལམ་ལས་གཉེར་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེས་སྦྲག་སྲིད་ཚོགས་པའི་བོད་ལྗོངས་ཡན་ལག་ཀུང་སིའི་དངུལ་རྩའི་ཞབས་ཞུ་ཁྱབ་རྒྱ་སྔར་བས་ཆེ་རུ་དང་འཛད་སྤྱོད་པའི་ཉམས་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་འཛད་སྤྱོད་པར་སྔར་བས་སྤུས་ལེགས་ཀྱི་དངུལ་རྩ་དང་སྦྲག་སྐྱེལ་གྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གླིང་སྐོར་ཤར་ལམ་ལས་གཉེར་ཁང་དེ་ལམ་ལྔ་མདོ་ཁའི་གློག་འཕྲིན་ཁང་ཆེན་དུ་ཡོད་པ་དང་། ས་བབ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། ལས་གཉེར་འགོ་ཚུགས་པའི་ཉིན་དེར། གསར་འགོད་པ་ཚོམས་ཆེན་དུ་སྐྱོད་སྐབས། ནང་ཁུལ་གྱི་ཁོར་ཡུག་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། གྲལ་འགྲིག་ལ་སྐྱིད་སྣང་དོད་པ། ནུས་པའི་ཁུལ་དབྱེ་སྟངས་ཁ་གསལ་པོ་དང་ལུགས་མཐུན་བཅས་ཡོད་པ་སྟེ། ནུས་པའི་ཁུལ་དབྱེ་སྟངས་ཐད་ལས་སྒོ་གཉེར་ཁུལ་དང་། ལས་གཉེར་སྒུག་ཁུལ། རྒྱུ་ནོར་དོ་དམ་བློ་འདྲི་ཁུལ། ཅ་ལག་བསྐུར་ཁུལ་སོགས་ཆེད་གཏོགས་ས་ཁོངས་མང་པོ་ཡོད་པས། ཅ་ལག་བསྐུར་བ་དང་། སྦྲག་སྲིད་དངུལ་བརྗེ། སྦྲག་སྲིད་དངུལ་བཅོལ་སོགས་ཀྱི་ལས་སྒོ་སྣ་ཚོགས་གཉེར་ཆོག་པ་དང་། དེས་ཉེ་འཁོར་གྱི་སྡེ་ཁུལ་དང་། ཁེ་ལས། སྐུ་མགྲོན་སྣ་ཚོགས་བཅས་ལ་སྔར་བས་སྟབས་བདེ་བའི་སྒོ་ནས་དངུལ་རྩའི་ཞབས་ཞུ་དང་ཅ་ལག་བསྐུར་བའི་ཞབས་ཞུ་སོགས་བྱེད་ཆོག་པ་མཐོང་བྱུང་།
ལས་སྒོ་གཉེར་བར་ཡོང་མཁན་གྲོང་མི་བསྟན་འཛིན་སྒྲོལ་དཀར་གྱིས་གསར་འགོད་པར། ང་ནི་ཀྲུང་གོའི་སྦྲག་སྲིད་ཀྱི་འཛད་སྤྱོད་པ་ཞིག་ཡིན། སྒོ་རྩར་ལས་གཉེར་ས་ཚིགས་གསར་པ་ཞིག་བཙུགས་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། ངའི་ཁྱིམ་ནི་འདིའི་ཉེ་འགྲམ་དུ་ཡོད། སྔོན་ཆད་སྦྲག་སྲིད་ཀྱི་ལས་སྒོ་གཉེར་སྐབས་ཐག་རིང་ཙམ་འགྲོ་དགོས་ཀྱི་ཡོད། ད་ཆ་འཆམ་འཆམ་དུ་འགྲོ་ཞོར་ལ་ལས་སྒོ་གཉེར་ན་ཡང་ལམ་སེང་སླེབས་ཀྱི་ཡོད། དེ་རིང་ལས་གཉེར་བྱེད་འགོ་ཚུགས་མ་ཐག་ཡིན་པས། ཁོར་ཡུག་དང་ཞབས་ཞུ་ཧ་ཅང་ཡག་པོ་འདུག ང་ད་དུང་ཁོང་ཚོའི་ལས་གཉེར་བྱེད་འགོ་ཚུགས་པའི་བྱེད་སྒོའི་ནང་ཞུགས་པས་ཡོང་འབབ་མང་པོ་ཞིག་རག་བྱུང་ཞེས་བཤད།
ལས་གཉེར་འགོ་ཚུགས་པའི་ཉིན་དེར། ད་དུང་གཟིགས་སྐྱོང་བྱེད་སྒོ་དང་ཆེད་གཏོགས་ཞབས་ཞུ་རབ་དང་རིམ་པ་བཏོན་པ་སྟེ། སྦྲག་སྲིད་ལས་སྒོ་གཉེར་བའི་ཞོར་གཏོགས་ལག་རྟགས་དང་། ལྡབ་གཉིས་ཀྱི་སྐར་གསོག་ལག་རྟགས་སོགས་ཡུལ་དངོས་སུ་རྒྱན་ཤོག་ལེན་པའི་བྱེད་སྒོ་སྤེལ་གྱི་ཡོད་པས། གྲོང་མི་མང་པོ་ཞིག་བློ་འདྲི་བྱེད་པར་སླེབས་ཡོད། ལས་དོན་པས་སེམས་རྩ་འཁོལ་པོས་སྐུ་མགྲོན་ཚང་མར་སྣེ་ལེན་ཞུས་པ་དང་། ངང་རྒྱུད་རིང་པོས་འཛད་སྤྱོད་པའི་དོགས་གནད་བསལ་ནས། སྦྲག་སྲིད་ལས་དོན་པའི་ཞབས་ཞུའི་རྣམ་འགྱུར་གང་ལེགས་མངོན་ཡོད།
ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གླིང་སྐོར་ཤར་ལམ་ལས་གཉེར་ཁང་ལས་གཉེར་ཚོམས་ཆེན་གྱི་སྤྱི་གཉེར་བ་སྤེན་སྒྲོན་གྱིས། ས་ཚིགས་གསར་པ་ལས་གཉེར་བྱས་པ་ནི་ང་ཚོས་ཁྲོམ་རའི་དགོས་མཁོ་དང་ལེན་ཧུར་ཐག་བྱས་པ་དང་། ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། མ་འོངས་པར་གླིང་སྐོར་ཤར་ལམ་སྦྲག་སྲིད་ཀྱིས“མི་དམངས་ཀྱི་སྦྲག་སྲིད་ནི་མི་དམངས་ཆེད་དུ་ཡིན་པའི”དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆགས་སྟངས་ནང་ཧུར་ཐག་ཞུགས་ནས་ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ།ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社