分享按钮

སྡེ་ཁུལ་དུ་རིག་རྩལ་འཁྲབ་སྟོན་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

གྲོང་ཁྱེར་གླུ་གར་ཚོགས་པའི(གཞས་མ་གཏམ་ཚོགས་པ)ལས་ཐོག་ཏང་ཡོན་གྱིས་རིག་རྩལ་འཁྲབ་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ་11ཚེས་26ཉིན།ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ(གཞས་མ་གཏམ་ཚོགས་པ)བར་སྐོར་ཁྲོམ་གཞུང་བར་སྐོར་སྡེ་ཁུལ་དུ་བསྐྱོད་དེ་ལས་ཐོག་ཏང་ཡོན་གྱིས“འབྱོར་ཐོ་གཉིས་འགོད་དང་ཞབས་ཞུ་གཉིས་སྒྲུབ”ཀྱི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

ཉིན་དེར། འཁྲབ་སྟོན་པ་ཚོ་སྔ་ས་ནས་ཡུལ་དངོས་སུ་ཡོང་སྟེ་གྲ་སྒྲིག་ཞིབ་ཚགས་བྱས་པ་རེད། བུད་མེད་ཀྱི་ཁེར་གཞས《བཀྲ་ཤིས་རྫས་བརྒྱད》ཞེས་པའི་ཁྲོད་དུ་འཁྲབ་སྟོན་འགོ་ཚུགས་པ་དང་། དེའི་རྗེས་སུ་དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་གྲས་སོགས་ལེ་ཚན་10ལྷག་ཙམ་རེས་མོས་ངང་འཁྲབ་སྟོན་བྱས་པ་དང་།པི་ཝང་མཉམ་དཀྲོལ《ཅང་ཤེས་རྟ་ཕོ་བཞོན་ནས་མཐའ་མཚམས་སྐྱོང》ཞེས་པ་དང་། རྐྱང་གཞས《བཀྲ་ཤིས་པའི་སྐལ་བཟང་རི་བོ》ཞེས་པ་སོགས་ཚང་མའི་རྒྱུས་མངའ་ཆེ་བའི་གླུ་གཞས་དེ་དག་གིས་འཁྲབ་སྟོན་གྱི་མཐོ་རླབས་འཕྱུར་དུ་བཅུག་པར་མ་ཟད། མི་དམངས་མང་ཚོགས་དང་འབྲེལ་བ་ཟབ་པ་དང་སྤུས་ཚད་མཐོ་བའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་ངང་བསྐངས་ཡོད། གར་སྟེགས་ཐོག་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་དང་།གར་སྟེགས་འོག་གི་ལྟད་མོ་བ་ཚོས་སྐབས་འགར་དགའ་འབོད་བྱེད་པ་དང་། སྐབས་འགར་པར་རྒྱག་པ། སྐབས་འགར་བརྙན་ཐུང་ཕབ་ལེན་བྱས་ནས་དྲན་རྟེན་དུ་འཇོག་པ། སྐབས་འགར་གཞས་གཏོང་བ་བཅས་བྱས་པས། གར་སྟེགས་ཆུང་ཆུང་དེའི་སྟེང་ནས་བདེ་སྐྱིད་ཆེན་པོ་ཞིག་མངོན་པ་དང་།མང་ཚོགས་ཚོས་ཐག་ཉེ་ས་ནས་རིག་གནས་ཀྱི་སྤྲོ་སྣང་མྱོང་རོལ་བྱས་པ་རེད།

བར་སྐོར་སྡེ་ཁུལ་གྱི་གྲོང་མི་ཡོན་ཧྥང་གིས། འཁྲབ་སྟོན་པས་རྩེར་སོན་གྱི་འཁྲབ་སྟོན་བྱས་པ་དེས་ང་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བར་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྔར་བས་ཀྱང་སྐུལ་འདེད་ནུས་ལྡན་ཐེབས་ཡོད།ང་ཚོས་ཏང་དང་སྲིད་གཞུང་གིས་གཞི་རིམ་ལ་ཐུགས་ཁུར་གནང་ལུགས་མྱོང་ཚོར་ཟབ་མོ་བྱུང་ལ། མི་རིགས་ཁག་དབར་གྱི་བར་ཐག་ཀྱང་ཐག་ཉེ་རུ་བཏང་ཡོད་ཅེས་བཤད།

ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོད་དེ་གཞི་རིམ་མང་ཚོགས་ཀྱི་རིག་གནས་དགོས་མཁོར་གཞི་ཚུགས་ནས“རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་དང་། རིག་གནས་ལ་བརྟེན་ནས་དམངས་ལ་སྤྲོ་སྣང་སྦྱིན་པ། རིག་གནས་ལ་བརྟེན་ནས་དམངས་གསོ་སྐྱོང་བྱེད་པ”བཅས་ཀྱི་རྣམ་པ་སྤྱད་པ་དང་། དེའི་ནང་མེས་རྒྱལ་ལ་བསྟོད་གླུ་འབུལ་བའི་རྐྱང་གཞས་ཡོད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་བརྩེ་དུང་བརྗོད་པའི་ཟློས་གར་ཡང་ཡོད་པས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་།མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་དགའ་འོས་པའི་རྣམ་པ་གང་ལེགས་མངོན་ཡོད།

ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(གཞས་མ་གཏམ་ཚོགས་པ)རུ་དཔོན་ཐུབ་བསྟན་སྐལ་བཟང་གིས།ང་ཚོའི་འཁྲབ་པའི་ལེ་ཚན་དེ་དག་ནི་མང་ཚོགས་དང་འབྲེལ་བ་ཟབ་པ་དང་། འཚོ་བ་དང་ཡང་ཉེ་བཅར་ཐུབ་པས། གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཕྱིན་ཆད་ཀྱི་ལས་ཀའི་ཁྲོད་དུ་ང་ཚོས་སྤྲོ་སྣང་ཆེ་ཞིང་ལྟ་འདོད་ལ་ཉན་སྤྲོ་བའི་བརྩམས་ཆོས་སྔར་ལས་མང་བ་ཞིག་མང་ཚོགས་ཀྱི་གམ་དུ་འཁྲབ་སྟོན་བྱས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷ་སའི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 གྲོང་ཁྱེར་གླུ་གར་ཚོགས་པའི(གཞས་མ་གཏམ་ཚོགས་པ)ལས་ཐོག་ཏང་ཡོན་གྱིས་རིག་རྩལ་འཁྲབ་སྟོན་བྱས་པ། 6 6 拉萨日报藏文 c191823.html 1 སྡེ་ཁུལ་དུ་རིག་རྩལ་འཁྲབ་སྟོན་བྱས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། /enpproperty-->