分享按钮

ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་སྤྱོད་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་26ཉིན། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་འཚོགས་ཤིང་། དེའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་མཚོན་ཡོད། རྣམ་གྲངས་དེ་སྤྱོད་འགོ་ཚུགས་རྗེས། རང་གྲོང་གི་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཀྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་མ་ཟད། གད་སྙིགས་ཕན་པ་ཅན་དུ་གྱུར་ནས་ལྷ་ས་འདི་ཉིད་སྙིགས་རོ་མེད་པའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་རམ་འདེགས་ཐུབ་སྟེ། ལྷ་སའི་ལྗང་མདོག་འཕེལ་རྒྱས་ལའང་སྟོབས་དང་ནུས་པ་གསར་པ་ཞིག་བསྣན་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་དེ་ནི་ལྷ་སའི་ཁང་ཧེང་ཁོར་ཡུག་སྲུང་སྐྱོང་ནུས་རྒྱུ་ཚད་ཡོད་ཀུང་སིས་མ་འཇོག་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་པ་ཞིག་རེད། གློག་འདོན་ཁང་དེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་ཁོངས་སུ་གནས་ཤིང་། དེས་བཟུང་བའི་སའི་རྒྱ་ཁྱོན་ལ་མུའུ་98ཙམ་ཡོད་པར་མ་ཟད། ཉིན་རེར་ཏུན་800སྲེག་ཐུབ་པའི་ཐབ་ཀ་1དང་། གློག་ཤུགས་25MWལྡན་པའི་རླངས་སྒུལ་གློག་འདོན་འཕྲུལ་ཚན་གཅིག་དང་ཞོར་གཏོགས་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད། ཟླ་11ཚེས་26ཉིན། གསར་འགོད་པར་རྣམ་གྲངས་སྤྱོད་འགོ་ཚུགས་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རྣམ་གྲངས་དེའི་སྒྲོམ་གཞི་གཙོ་བོའི་ལས་གཞི་དང་། སྒྲིག་སྦྱོར་ལས་གཞི། དེ་བཞིན་ཆུ་འདྲེན་གློག་འདྲེན་ལས་གཞི་སོགས་ལེགས་གྲུབ་ཟིན་པ་དང་། སྒྲིག་ཆས་རྐྱང་པ་དང་ཡན་ལག་གི་མ་ལག་སྒྲིག་ཆས་སྙོམས་སྒྲིག་བྱེད་པའི་ཚོད་ལྟའི་ལས་ཀའང་ལེགས་གྲུབ་ཟིན་ནས་ཟླ་11ཚེས་20ཉིན་ནས་བཟུང་འཚོ་བའི་གད་སྙིགས་བསྡུ་འགོ་ཚུགས་པ་རེད།

ལྷ་ས་གྲོང་ཁྱེར་ཁང་ཧེང་ཁོར་ཡུག་སྲུང་སྐྱོང་ནུས་རྒྱུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེན་གོ་ཧྲན་གྱིས། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་དེ་2023ལོའི་ཟླ་5པར་ལས་འགོ་བཙུགས་པ་དང་། 2024ལོའི་ཟླ་11ཚེས་20ཉིན་ནས་བཟུང་འཚོ་བའི་གད་སྙིགས་བསྡུ་འགོ་ཚུགས་པ་རེད། ད་ལྟ་ཉིན་ལྟར་གད་སྙིགས་ཏུན་200ནས་300བར་བསྡུ་བཞིན་ཡོད། ཟླ་12པའི་ཟླ་མཇུག་ཏུ་ཉིན་རེར་སྡུད་ཚད་ཏུན་600ལ་སླེབས་པར་བྱ་རྒྱུ་དང་། ཉིན་རེར་སྡུད་ཚད་མང་ཤོས་ཏུན་800ལ་སླེབས་པར་བྱ་རྒྱུ་ཡིན་ཞེས་བཤད།

རྣམ་གྲངས་དེ་ནི་ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅུ་བཞི་པའི་རིང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། ལག་རྩལ་རྩེ་གྲ་དང་། སྒྲིག་ཆས་རྩེ་གྲ། དོ་དམ་རྩེ་གྲ་བཅས་ཀྱི་ཚད་གཞི་ལྟར་བསྐྲུན་པ་ཞིག་རེད། རྣམ་གྲངས་ཀྱི་རིག་ནུས་ཕྱོགས་བསྡུས་དོ་དམ་ལས་སྟེགས་ཀྱིས་དུས་ཐོག་ཏུ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཚོད་འཛིན་བྱེད་ཆོག་པར་མ་ཟད། ཐོན་སྐྱེད་ཀྱི་འཕྲལ་སྡོམ་དོ་དམ་དང་ཐག་གཅོད་ལམ་སྲོལ་འཐུས་ཚང་བཙུགས་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 6 6 拉萨日报藏文 c191818.html 1 ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་སྤྱོད་འགོ་ཚུགས་པ། /enpproperty-->