(པར་ངོས་དང་པོར་མཐུད)གན་རྒྱ་བཞག་པའི་ཚོང་དུད་1246ཡོད་ཅིང་། དེ་དག་ས་ཁོངས་ཆེན་པོ་བརྒྱད་ལ་དབྱེ་ཡོད། གཙོ་བོ་སྔོ་ཚལ་དང་ཤིང་འབྲས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་། དུས་མཚུངས་ཤ་རིགས་དང་། སྐམ་འདྲེས་ཞོར་ཟས། འབྲུ་སྣུམ་སོགས་ཀྱང་ཡོད།
ཞོགས་པ་སྔ་པོ་ནས་ཤིང་འབྲས་སྡེབ་ཚོང་རྒྱག་མཁན་ཀྲང་ཁྲུན་དབྱི་དང་ཁོང་གི་ཚོང་གཡོག་ཚོ་ལས་བྲེལ་གྱི་དབྱིངས་སུ་ཚུད་ཡོད་ཅིང་། ཁོང་ཚོས་ལྷ་སའི་ཤིང་འབྲས་ཚོང་པ་ཚོས་ཉོས་པའི་ཚ་ལུ་མ་དང་ཀུ་ཤུ་སོགས་ཤིང་འབྲས་སྒམ་300ལྷག་ཙམ་རླངས་འཁོར་ནང་བླུགས་ནས་དབོར་བཞིན་ཡོད་པ་སྟེ། ཁོང་ཚོས་ལས་བགོས་ཁ་གསལ་བྱས་ཏེ། ཁག་ཅིག་གིས་དབོར་འགན་འཁུར་བ་དང་ཁག་ཅིག་གིས་མངགས་ཐོ་ཞིབ་བསྡུར་བྱེད་ཀྱི་ཡོད་པས། བྲེལ་བ་ཧ་ཅང་ཆེན་པོ་ཡོད། ཀྲང་ཁྲུན་དབྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་དང་བཟའ་ཟླས་ལྷ་སར་ཤིང་འབྲས་སྡེབ་ཚོང་བྱས་ནས་ལོ་20སོང་བ་དང་། ཚོང་ཁང་ནང་ཤིང་འབྲས་སྣ་ཁ་70ལྷག་ཙམ་ཡོད། རིན་གོང་ཁེ་ལ་མཁོ་སྤྲོད་འདང་ངེས་ཡོད་པས། གྲོང་མིའི་དགུན་དུས་ཀྱི་ཤིང་འབྲས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད།ད་ཆ་ང་ཚོའི་ཚོང་ཁང་གི་ཉིན་རེར་ཤིང་འབྲས་ཕྱིར་ཚོང་བྱེད་ཚད་རྒྱ་མ་10000ཙམ་ཟིན་པ་དང་། ཉིན་རེར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་གསུམ་བཞི་ཙམ་ཟིན་གྱི་ཡོད། དེ་དག་གཙོ་བོ་ལྗོངས་ཡོངས་ཀྱི་ཤིང་ཏོག་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།
དེའི་རྗེས་སུ་གསར་འགོད་པ་ཁྲོམ་རའི་སྔོ་ཚལ་ཕྱིར་ཚོང་ཁུལ་དུ་སྐྱོད་སྐབས་དེ་གའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་དང་།སྔོ་ཚལ་གྱི་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད་ཅིང་། སྔོ་ཚལ་ཉོ་བར་ཡོང་མཁན་མང་པོ་ཡོད་པ་མཐོང་ཡོད། གྲོང་མི་ཀྲེན་ཧུའེ་ཡིས། འདི་གའི་སྔོ་ཚལ་སོས་པ་དང་གོང་ཚད་དམའ་པོ་ཡོད་པར་མ་ཟད། སྣ་ཁ་ཡང་ཕུན་སུམ་ཚོགས་པོ་ཡོད། ཉོ་འདོད་པ་ཚང་མ་ཐེངས་གཅིག་ལ་ཉོ་ཐུབ་ཀྱི་འདུག་ཅེས་བཤད།
སྔོ་ཚལ་ཕྱིར་ཚོང་བྱེད་མཁན་ཐང་ལུའུ་ཡིས་གསར་འགོད་པར་ད་ལྟའི་ཆར་ངས་ཧོང་ཀྭ་དང་། ཞོག་ཁོག ཀྲོ་མ་ཀྲུ པད་ཚལ་སོགས་སྔོ་ཚལ་སྣ་ཁ་དྲུག་བཅུ་ལྷག་ཙམ་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། དེའི་ནང་ནས་ཕྱེད་ཀ་ལྷག་ཙམ་ས་གནས་འདི་གའི་སྔོ་ཚལ་ཡིན་པ་དང་། རིན་གོང་ཡང་ཁྲོམ་རའི་རིན་གོང་ལས་དམའ་བ་ཡོད་པས། དགུན་དུས་ཀྱི་གསོལ་ལྕོག་གི་སྣ་མང་རང་བཞིན་ལ་འགན་ལེན་ཐུབ་པར་མ་ཟད། ད་དུང་གྲོང་མི་ཚོའི་ཤ་ཚལ་སྒོང་གསུམ་ལ་ཡང་འགན་ལེན་ཐུབ་ཀྱི་ཡོད་ཅེས་དང་། ཁོང་གིས། ང་ཚོའི་སྔོ་ཚལ་ཕྱིར་ཚོང་བྱེད་ཚད་ཉིན་ལྟར་རྒྱ་མ་ཆིག་སྟོང་ཉིས་སྟོང་ཙམ་ཟིན་གྱི་ཡོད། ལྷ་སའི་སུར་པན་དང་། པད་ཚལ། ཀྲོ་མ་ཀྲུ ཧོང་ཀྭ་སོགས་སྔོ་ཚལ་ཕྱིར་ཚོང་བྱེད་ཚད་ཧ་ཅང་ཡག་པོ་ཡོད་ལ། ང་ཚོས་ཀྱང་ཕྱིར་ཚོང་གི་གནས་ཚུལ་ལ་གཞིགས་ནས་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་ལ་འགན་ལེན་བྱས་ཏེ། གྲོང་མི་ཚོར་དེ་བས་ཕུན་སུམ་ཚོགས་པའི་གདམ་ག་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ལྷ་ས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རས་སྔོ་ཚལ་ཉིན་རེར་ཆ་སྙོམས་བྱས་ན་ཏུན་340ལྷག་ཙམ་འཐེན་གྱི་ཡོད་པ་དང་། ཏུན་250ལྷག་ཙམ་འཚོང་བ། ཏུན་900ལྷག་ཙམ་མཛོད་ཉར་བཅས་བྱེད་ཀྱི་ཡོད་པ་དང་། ཤིང་ཏོག་ཉིན་རེར་ཆ་སྙོམས་བྱས་ན་ཏུན་120ལྷག་ཙམ་འཐེན་གྱི་ཡོད་པ་དང་། ཏུན་70ལྷག་ཙམ་འཚོང་བ། ཏུན་500ལྷག་ཙམ་མཛོད་ཉར་བཅས་བྱེད་ཀྱི་ཡོད། དེ་བཞིན་ཤ་རིགས་ཉིན་རེར་ཆ་སྙོམས་བྱས་ན་ཏུན་50ལྷག་ཙམ་འཐེན་གྱི་ཡོད་པ་དང་། ཏུན་30ལྷག་ཙམ་འཚོང་བ། ཏུན་100ལྷག་ཙམ་མཛོད་ཉར་བཅས་བྱེད་ཀྱི་ཡོད། མདོར་ན། ཁྲོམ་རར་ཞིང་ཞོར་ཐོན་རྫས་སྣ་ཚོགས་ཏུན་2100ཙམ་མཛོད་ཉར་བྱས་ཡོད། ཁྲོམ་ར་དེས་ཟོག་ཁུངས་ཐད་མུ་མཐུད་ནས་ཤུགས་སྣོན་རྒྱག་པ་དང་། མཁོ་སྤྲོད་སྦྲེལ་ཐག་གི་དོ་དམ་ལེགས་སུ་གཏོང་བ། ཁྲོམ་རའི་མཁོ་སྤྲོད་ལ་འགན་ལེན་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲོང་མིའི་འཚོ་བའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ནས་གྲོང་མིའི་ཤ་ཚལ་སྒོང་གསུམ་ལ་འགན་ལེན་ཏན་ཏིག་བྱས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社