分享按钮

(པར་ངོས་དང་པོར་མཐུད)

ཉེ་ཆར།ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་བ་སུང་ཁྲུན་རུང་དང་བཀྲ་སྒྲོན་གཉིས་ལྷན་དུ་སྙེ་མོ་རྫོང་གི་གྲུ་གཏོང་བའི་རྣམ་གྲངས་ལ་ཉམས་ལེན་བྱེད་པར་བསྐྱོད་པ་རེད། གྲུ་གཏོང་བའི་རྣམ་གྲངས་ལ་ཉམས་ལེན་མ་བྱས་གོང་ལ།གྲུ་དཔོན་ཐང་ཧའོ་ཡིས།ཚང་མར་གྲུ་གཏོང་བའི་རྩལ་དང་རང་སྐྱོབ་ཀྱི་རྩལ་ནུས་འགྲེལ་བཤད་བརྒྱབ་པས་ཉམས་ལེན་དེའི་ནང་ཞུགས་ཐེངས་དང་པོ་ཡིན་པའི་ཞའོ་རུང་ཡང་རེ་ཞིག་སེམས་ལྷོད་ལྷོད་དུ་གྱུར།

གྲ་སྒྲིག་ཚང་མ་ཚར་རྗེས། ལས་དོན་པ་གྲུ་གཏོང་སའི་སྙེ་མོའི་ལྷ་བརྐོས་ཆེན་པོའི་འགྲམ་དུ་སླེབས། ཚང་མ་འཁལ་ལེ་འཁོལ་ལེའི་ངང་ནས་གྲུ་གཟིངས་ནང་འཛུལ་ཏེ་གྲུ་གཏོང་བ་ཉམས་ལེན་འགོ་ཚུགས་པ་རེད། སྔོ་ཞིང་གཙང་བའི་ནང་མཁའ་དང་སྤྲིན་དཀར་འོག ཡར་ཀླུང་གཙང་པོའི་ཆུ་རྒྱུད་དུ་ཚང་མས་གྲུ་གཏོང་བའི་རྣམ་གྲངས་ལ་ཉམས་ལེན་བྱས་པ་དང་། གྲུ་ཁེམ་ལ་བརྟེན་ནས་ཁ་ཕྱོགས་སྟངས་འཛིན་བྱས་པ་རེད།མཚམས་རེར་དྲག་ཏུ་རྒྱུག་པ་དང་།མཚམས་རེར་དལ་གྱིས་རྒྱུ་བའི་ཡར་ཀླུང་གཙང་པོའི་ཆུ་རྒྱུད་དུ་རང་བྱུང་ཁམས་ཀྱི་ངོ་མཚར་ཆེ་བའི་ཡུལ་ལྗོངས་ལ་ཉམས་ལེན་བྱས་པ་རེད།

ཡར་ཀླུང་གཙང་པོའི་སྙེ་མོ་ཆུ་རྒྱུད་ཀྱི་རིང་ཚད་ལ་ཁྱོན་སྤྱི་ལེ་40ཙམ་ཡོད་པ་དང་།ད་ཐེངས་ཀྱི་གྲུ་གཏོང་ས་ནི་ཐོན་པ་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་གྱི་རང་བྱུང་ཆུ་ཡུར་དུ་ཡིན་པ་དང་།དེའི་རིང་ཚད་ལ་སྤྱི་ལེ་7ཙམ་ཡོད། ཆུ་ཡུར་དེའི་དལ་གྱིས་རྒྱུ་བའི་ཆུ་བོས་ཡུལ་སྐོར་བར་གྲུ་གཏོང་བའི་སྤྲོ་སྣང་སྦྱིན་བཞིན་མཆིས་ལ།དྲག་ཏུ་རྒྱུག་པའི་ཆུ་བོའང་ཡོད་པས་དེས་ཞེ་སྣང་དང་དངངས་སྐྲག་གི་སྣང་བ་ཞིག་དབང་མེད་དུ་སྦྱིན་བཞིན་མཆིས། གྲུ་དཔོན་ཐང་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གྲུ་གཏོང་བའི་དུས་ཚིགས་འཚམ་ཤོས་ནི་དགུན་དུས་དང་དཔྱིད་དུས་ཡིན་པ་དང་།དུས་ཚིགས་དེ་གཉིས་ནང་ཆུ་ཆུང་བས་བདེ་འཇགས་རང་བཞིན་ལ་ཚོད་འཛིན་ཡག་པོ་བྱེད་ཐུབ། ཉིང་ཁྲི་བྲག་གསུམ་མཚོའི་ཕྱི་རོལ་ལུས་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་པིང་གིས།ང་ཚོས་ཅུང་བདེ་འཇགས་ཡིན་པའི་དུམ་བུ་ཞིག་བདམས་པ་ཡིན།དུམ་བུ་འདིར་ཁྱོན་གྲམ་ཐང་ལྔ་ཡོད་པ་དང་།དེའི་ནང་དཀའ་ངལ་གྱི་ཚད་རིམ་གཉིས་པ་ནས་གསུམ་པའི་བར་ཡིན་པས།ལམ་ཐིག་ཧྲིལ་པོའི་བདེ་འཇགས་རང་བཞིན་ལ་འགན་ལེན་བྱེད་ཐུབ་ཅེས་བཤད།

ལྷ་སའི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཆུ་ཐོག་ལུས་རྩལ་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་དང་གཞི་རྩའི་ཆ་རྐྱེན་ལྡན་ཡོད། གྲུ་གཏོང་བ་མཚོན་བྱེད་དུ་བྱེད་པའི་ཆུ་ཐོག་ལུས་རྩལ་རྣམ་གྲངས་འཚོལ་ཞིབ་བྱ་རྒྱུ་དེ་ནི་རིག་གནས་དང་།ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་བྱ་ཐབས་ཤིག་ཡིན་ལ། ལྷ་སའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དྲིལ་བསྒྲགས་བྱེད་པའི་སྟེགས་བུ་ཞིག་ཀྱང་ཡིན།

སྙེ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཐེ་ལིང་གིས། གྲུ་གཏོང་བའི་བྱེད་སྒོ་སྤེལ་བ་བརྒྱུད།ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་མཛེས་སྡུག་དང་། ཉེན་ཁ། བརྩེ་བ། ངོ་མཚར་བཅས་སྔར་བས་མངོན་ཐུབ་པར་མ་ཟད། གྲུ་གཏོང་བའི་རྣམ་གྲངས་དེ་སྙེ་མོའི་ཐོན་པ་གྲོང་རྡལ་དུ་གནས་པས་གཟིམ་སྤོས་རིག་གནས་ཐོན་ལས་སྔར་བས་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཐུབ། དེ་དང་ཆབས་ཅིག་གྲུ་གཏོང་བའི་རྣམ་གྲངས་དང་སྙེ་མོའི་གངས་རི་དང་ཆུ་ཚན་སོགས་སྙེ་མོའི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་དང་།མི་དམངས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཐུབ་ཅེས་བཤད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 6 6 拉萨日报藏文 c191709.html 1 /enpproperty-->