分享按钮

གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྗིད་ཆེའི་རོལ་དབྱངས་དཀྲོལ་བ།

(པར་ངོས་དང་པོར་མཐུད)སྒྲོམ་གཞིའི་ལས་གྲྭ་ཚང་མ་ཞིབ་བཤེར་རྩིས་ལེན་བྱས་ཟིན་ཡོད། འཇམ་ཤ་འདོན་པ་དང་། དྲོད་སྲུང་གཞི་གཅིག་ཅན་གྱི་ཤིང་ལེབ་བཟོ་བ། སྒྲོམ་གཞི་གཙོ་བོར་དཀར་རག་བྱུགས་པ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། ཁག་གསུམ་པ་ནི་ལུས་རྩལ་ར་བ་འཛུགས་སྐྲུན་དང་སློབ་གྲྭའི་ནང་གི་ཆུ་མཁོ་འདོན་གྱི་ཨར་ལས་དོ་དམ་སོགས་ཡིན་ཞིང་།མིག་སྔར་ཨར་ལས་འདིའི་ལས་གྲྭ་སྤྱིའི་བརྒྱ་ཆ་48ལེགས་གྲུབ་ཟིན་ཡོད།ཁག་བཞི་པ་དང་ལྔ་པའི་ལས་གྲྭ་འདི་ལོའི་ཟླ་9ཚེས་19ཉིན་འོས་སྐུལ་ལེགས་གྲུབ་བྱུང་བ་དང་ད་ཆ་ལས་གྲྭ་མཉམ་དུ་སྐྲུན་བཞིན་ཡོད།རྣམ་གྲངས་ཀྱི་སྤུས་ཚད་ལ་འགན་ལེན་བྱ་ཆེད། རྣམ་གྲངས་འཛུགས་སྐྲུན་ཚན་པས་ཚད་བརྒལ་ཚོད་འཛིན་དང་སྔོན་འགོག་གཙོ་བོར་བཟུང་བའི་བྱ་ཐབས་སྤྱད་དེ་ས་ཡུལ་དངོས་ཀྱི་སྤུས་ཚད་ལ་ཞིབ་དཔྱད་བྱས་པ་བརྒྱུད་ཁག་བགོས་ལས་གྲྭ་དང་མི་མངོན་པའི་ལས་གྲྭ་ཞིབ་བཤེར་རྩིས་ལེན་བྱེད་པའི་ནང་ཞུགས་ཡོད། དེ་དང་ཆབས་ཅིག་ཨར་ལས་ཚན་པས་ལས་ཡུན་ལྡོག་སྒྲིག་གི་འཆར་གཞིར་དམ་པོར་དམིགས་ཏེ་ཨར་ལས་བྱེད་རིང་གི་རྒྱུ་ཆ་དང་།འཕྲུལ་ཆས། ངལ་ནུས་མི་སྣ་སོགས་ལས་ཀའི་ནང་ཞུགས་ཚུལ་ལ་རྗེས་སྙེག་ནན་པོ་བྱེད་བཞིན་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་འབྲིང་རིམ་ལས་རིགས་སློབ་གྲྭའི་མི་གྲངས་2000དང་ལོ་རེའི་དར་མའི་མི་གྲངས་1000གི་སློབ་ཁྲིད་དང་ཟ་སྡོད་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་པ་དང་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཏེ་ལྗོངས་ཡོངས་དང་ས་གནས་དེ་གར་ཐོན་ལས་ལག་རྩལ་གྱི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཐུབ་ནས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དང་བར་ཐག་སྤྱི་ལེ་30ཡོད་པའི་སར་ཀུན་གྱིས་དོ་སྣང་བྱེད་པའི་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཡིན་པའི་མཉེས་ཐང་ཟམ་ཆེན་རྣམ་གྲངས་ཀྱང་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.94བཏང་ནས་རིང་ཚད་ལ་སྤྱི་ལེ་1.81ཡོད་པའི་གཙང་པོ་སྒྲོལ་བའི་ཟམ་ཆེན་ཞིག་བསྐྲུན་རྒྱུ་དང་། ཟམ་ངོས་ཀྱི་ཞེང་ཚད་ལ་སྨི་23.5ཡོད་པ་དང་ཕྱོཊ་གཉིས་ལ་འཁོར་ལམ་4ཡོད་ཅིང་།མྱུར་ཚད་ལ་ཆུ་ཚོད་རེར་སྤྱི་ལེ་50ཇུས་འགོད་བྱས་ཡོད།ཟླ་11ཚེས་20ཉིན་གསར་འགོད་པ་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་སྐྱོད་སྐབས་སྲ་ཞིང་བརྟན་པའི་ཟམ་གདན་རེ་རེ་བཞིན་ལྷ་སའི་སྐྱིད་ཆུའི་འགྲམ་དུ་གྲལ་སྟར་སྒྲིག་ཡོད་པ་མཐོང་སྐབས་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡོད་པ་དང་བཟོ་པ་བརྒྱ་ཙམ་གྱིས་གྲང་ངར་དང་དཀའ་ངལ་ལ་མ་འཛེམས་པར་ལས་ཀ་ཞིབ་ཚགས་བྱེད་བཞིན་ཡོད།

རྣམ་གྲངས་ཨར་སྐྲུན་ཚན་པའི་ཅིང་ལི་གཞོན་པ་ཧོང་པའེ་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།རྣམ་གྲངས་དེ་འདི་ལོའི་ཟླ་6ཚེས་11ཉིན་ལས་འགོ་ཚུགས་པ་དང་། མིག་སྔར་རྣམ་གྲངས་ཆེ་ཆུང་ཁག་གི་གནས་སྐབས་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། ཟམ་པ་གཙོ་བོའི་རྨང་གཞི་དང་། སྒྲོམ་གཞི། ཟམ་སྣེ་བཅས་ཀྱི་རྨང་གཞི་དང་སྒྲོམ་གཞི་ལེགས་གྲུབ་ཟིན་ནས་སྤྱིའི་རྣམ་གྲངས་ཀྱི་བརྒྱ་ཆ་35ལེགས་གྲུབ་ཟིན་ཡོད། ཧོང་པའེ་པིང་གིས་རྣམ་གྲངས་ཀྱི་འཆར་གཞིར་གཞིགས་ན།2025ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་པར་བྱ་རྒྱུ་དང་2026ལོའི་ཟླ་5པར་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

རྣམ་གྲངས་སྤེལ་པའི་བརྒྱུད་རིམ་ཁྲོད་ཆུ་ཤུར་རྫོང་མཉེས་ཐང་ཤང་གི་རླངས་འཁོར་རུ་ཁག་དང་འཕྲུལ་ཆས་བེད་སྤྱོད་ཀྱི་གྲོས་མཐུན་བཞག་པ་དང་།ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་རླངས་འཁོར་རུ་ཁག་སྤྱོད་ཀྱི་ཡོད།མིག་སྔའི་བར་འདོན་འཇུག་འཕྲུལ་འཁོར་ཐེངས་352དང་བརྐོ་འདྲུའི་འཕྲུལ་འཁོར་ཐེངས་437བེད་སྤྱོད་བྱས་པར་མ་ཟད།ས་གནས་དེ་གའི་ཡུལ་མི་4ལས་ཞུགས་བྱས་ཡོད།རྣམ་གྲངས་བསྐྲུན་རྗེས་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་། སྟག་གདོང་དང་མཉེས་ཐང་བཟོ་ལས་གླིང་ཁུལ་གྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་མ་ཟད། མཉེས་ཐང་བཟོ་ལས་གླིང་དང་སྣེའུ་ཁུལ་གསར་དབར་གྱི་འབྲེལ་མཐུད་ནུས་པ་ཆེ་རུ་ཕྱིན་ཐོག་མཉེས་ཐང་བཟོ་ལས་གླིང་ཁུལ་དང་དེའི་མཐའ་འཁོར་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཆར་འགོད་འཛུགས་སྐྲུན་ཅུས་འཛུགས་སྐྲུན་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ལིའུ་ཙེང་ཁྲའོ་ཡིས་སླད་ཕྱིན་ང་ཚོས་གཅིག་ནས་རྣམ་གྲངས་ཀྱི་སྤྱིའི་འཕེལ་རིམ་མགྱོགས་སུ་བཏང་ནས་སྔ་ཙམ་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུར་འགན་ལེན་བྱེད་པ་དང་། གཉིས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་བདེ་འཇགས་དང་ཤེས་དཔལ་ལྡན་པའི་ཨར་ལས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཨར་ལས་བྱེད་རིང་བདེ་འཇགས་ལས་འཛོལ་གང་ཡང་མི་ཐོན་པའི་འགན་ལེན་བྱེད་པ། གསུམ་ནས་གན་རྒྱའི་ཁ་ཆད་ལྟར་མ་དངུལ་གཏོང་སྤྲོད་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་བཤད།

གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷ་སའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དེ་གོམ་སྟབས་བརྟན་པོའི་ངང་མདུན་དུ་སྐྱོད་བཞིན་ཡོད་ཅིང་། རྣམ་གྲངས་དེ་དག་ནང་འཛུགས་སྐྲུན་པ་གྲངས་ལས་འདས་པའི་སེམས་ཤུགས་དང་རྔུལ་ཆུ་འདུས་ཡོད་ལ་གྲོང་ཁྱེར་འཕེལ་རྒྱས་འགྲོ་བའི་རེ་བའང་མཚོན་ཡོད།མི་རིང་བར་གཙོ་གནད་རྣམ་གྲངས་རེ་རེ་བཞིན་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུའི་ལྷ་ས་གྲོང་ཁྱེར་འདིར་འགྱིང་ངེར་བསྐྲུན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་ཆེད་འོད་སྟོང་འཕྲོ་བའི་ལེའུ་གསར་པ་ཞིག་བརྩམ་རྒྱུ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 6 6 拉萨日报藏文 c191705.html 1 གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྗིད་ཆེའི་རོལ་དབྱངས་དཀྲོལ་བ། /enpproperty-->