(པར་ངོས་དང་པོར་མཐུད)འགོ་ཁྲིད་གཙོ་བོས“འགྱངས་ཆད་གཉིས”མེད་པར་བཟོ་བའི་འདུམ་འགྲིག་གི་ལམ་སྲོལ་འཛུགས་དགོས་པ་དང་། ལས་ཀའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་དགོས། གནད་དོན་ལ་བསམ་བློ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཆོས་ཉིད་འཚོལ་བ་བཅས་བྱས་ཏེ། རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་པ་དང་། རྒྱུ་རྐྱེན་དང་གནད་དོན་ལ་དབྱེ་ཞིབ་གསལ་པོ་བྱེད་པ། “འགྱངས་ཆད་གཉིས”ཀྱི་གནད་དོན་ཐག་གཅོད་གནད་སྨིན་དང་ནུས་ལྡན་བྱེད་དགོས་ཤིང་། དེ་དང་ཆབས་ཅིག“མིང་ཐོ་ནག་པོའི”ལམ་ལུགས་སོགས་ཀྱི་བྱ་ཐབས་ལེགས་པར་སྤྱད་དེ། རྐང་བཙུགས་ནས་གླ་ཆ་སྤྲོད་རྒྱུ་ལས་གཡོལ་བ་དང་གླ་ཆ་འགྱངས་ཆད་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག ལྷ་ས་འདི་ཉིད་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྣེ་ལེགས་པར་འཁྲིད་དགོས་ཤིང་། གནམ་མཚོའི་མཛེས་ལྗོངས་ཁུལ་དེ་སྤུས་ཚད་མཐོན་པོའི་སྒོ་ནས་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། རིམ་པ་དང་རིགས་དབྱེ་ནས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བ། སློབ་སྦྱོང་ཧུར་ཐག་བྱེད་པ། བསམ་ཕྱོགས་གསར་འབྱེད། བློ་བསྡུས་དགེ་འཚོལ་བཅས་བྱས་ཏེ། ཡུལ་ཁོངས་ཡུལ་སྐོར་གསར་གཏོད་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་། རིག་གནས་ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པར་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་རིམ་པ་སྤོར་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོགས་འདུའི་ཐོག མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། “ལས་རྣམ་རིགས་ལྔའི་འཕེལ་རྒྱས་ཁུལ”གྱི་བླང་བྱ་གཞིར་བཟུང་། དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཚད་གཞི་ནན་དུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མཚན་མོའི་དཔལ་འབྱོར་དཔེ་སྟོན་ཁུལ་དང་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོགས་འདུའི་ཐོག རྒྱལ་ཁབ་རིམ་པའི་བོད་སྨན་གྱི་རྒྱུ་ཆ་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་ལ་ཚད་གཞི་མཐོན་པོའི་སྒོ་ནས་ཇུས་འགོད་བྱེད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ཆེད་དོན་ཚན་ཁག་ལ་སྐུལ་འདེད་གཏོང་བ། རྩེར་སོན་གཏོད་པ་བཅས་བྱས་ནས་བོད་ལུཊ་གསོ་རིག་དང་བོད་སྨན་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོགས་འདུའི་ཐོག སྲིད་གཞུང་གིས་མ་འཇོག་བྱེད་པའི་དགོས་ངེས་རང་བཞིན་དང་ལྡོག་མེད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། “སྣེ་ཁྲིད་ཅན་གྱི་ཐེབས་རྩ་ཨ་མ་+ཁྲོམ་ར་ཅན་གྱི་ཡན་ལག་ཐེབས་རྩ”ཧུར་ཐག་གཏོད་དགོས་པ་དང་། ཁྲོམ་ར་ཅན་དང་། ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་ལམ་བུར་བསྐྱོད་དེ། ནོར་སྲིད་མ་དངུལ་གྱི་འདེགས་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་འཇོག་རྒྱུའི་ཡིད་དབང་འགུག་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社