分享按钮

ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་གནས་ཡུལ་གསར་པས་མི་དམངས་ལ་ཕན་བདེ་བསྐྲུན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་25ཉིན་ནས་བཟུང་། ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དེ་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་དངོས་སུ་གནས་སྤོ་བྱེད་འགོ་ཚུགས་པ་དང་། གནས་སྤོའི་དུས་ཚོད་ནི་ཉིན་5ཡིན་པ་དང་། ཟླ་འདིའི་ཚེས་30ཉིན་ཚོང་པ་ཚང་མ་གནས་སྤོས་ཚར་རྒྱུ་རེད། སྐབས་དེར། གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དེ་འཁོར་སྐྱོད་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུ་རེད།

གསར་འགོད་པས་ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ནས་མཐོང་བ་ལྟར་ན། ཁྲོམ་རའི་ནང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་བ་དང་། ཚོང་དུད་ཚོས་ཚོང་ཟོག་ངོ་སྤྲོད་བྱེད་པའི་སྐད་སྒྲ་ཡང་ཡང་གྲགས་ཤིང་། ཁོང་ཚོས་སེམས་རྩ་འཁོལ་པོའི་ངང་ཕྱོགས་གཅིག་ནས་ཚོང་ཤག་ལ་ཚོང་ཟོག་ངོ་སྤྲོད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཚོང་ཟོག་བསྡུ་རུབ་བྱས་ནས་གནས་སྤོ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཚོང་པ་ཁག་ཅིག་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་ཁྲོམ་བཀྱག་གསར་པ་བཀོད་སྒྲིག་བྱེད་པར་བསྐྱོད་ཡོད།

གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་རྒྱ་ཆེ་ལ་གྲལ་འགྲིག་པའི་ཁྲོམ་བཀྱག་དང་། རིག་ནུས་ཅན་གྱི་སྒྲིག་ཆས་གྲ་སྒྲིག་ཟིན་ནས་ཚོང་དུད་ཚོ་གཅིག་རྗེས་གཉིས་མཐུད་ངང་དེ་གར་ཡོང་རྒྱུར་བསྒུགས་ནས་བསྡད་ཡོད། གནས་སྤོས་ཟིན་པའི་ཚོང་དུད་ཁག་ཅིག་གིས་བྲེལ་བྲེལ་འཚུབ་འཚུབ་ངང་རང་ཉིད་ཀྱི་ཚོང་ཁང་གསར་པ་དང་ཁྲོམ་བཀྱག་གསར་པར་མཛེས་བཟོ་བྱ་རྒྱུ་བཀོད་སྒྲིག་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ད་དུང་ཚོང་དུད་མི་ཉུང་བ་ཞིག་དེ་གར་བཅའ་སྡོད་ཀྱི་བརྒྱུད་རིམ་དང་ཁྲོམ་བཀྱག་ལྷག་མའི་གནས་ཚུལ་སྐོར་བློ་འདྲི་བྱེད་པར་ཡོང་གི་ཡོད། ཁྲོམ་ར་གསར་པས་ཉེ་འཁོར་གྱི་གྲོང་མིར་སྟབས་བདེ་བའི་ཉོ་སྒྲུབ་ཀྱི་ཁོར་ཡུག་ཅིག་མཁོ་འདོན་བྱས་པར་མ་ཟད། ཉོ་སྒྲུབ་བྱེད་པར་ཡོང་མཁན་མང་ཚོགས་ལ་རླངས་འཁོར་འཇོག་ས་དང་ངལ་གསོའི་ཁུལ་ཡང་མཁོ་འདོན་བྱས་ཡོད།

ཚོང་དུད་སུའུ་ཅང་ཐའོ་ཡིས། ང་ནི་ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཡུལ་ཟོག་ཚོང་ཁང་ཞིག་གི་སྦྱིན་བདག་ཡིན། ད་ཆ་ཁྲོམ་ར་གསར་པ་འདིའི་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བ་དང་། སྐུ་མགྲོན་མང་བ། རླངས་འཁོར་འཇོག་ས་ཡང་སྟབས་བདེ་པོ་ཡོད་པས། འདིར་གནས་སྤོས་ན་ང་རང་བློ་ཡིད་ཚིམ་པོ་འདུག་ཅེས་བཤད།

གྲོང་མི་བྱམས་སྒྲོན་གྱིས། ང་ནི་ཁྲོམ་ར་འདིའི་ཁ་སྤྲོད་དུ་ཡོད་པའི་ཁུལ་ཆུང་དེར་སྡོད་གྱི་ཡོད། དུས་རྒྱུན་སྔོ་ཚལ་ཉོ་སྐབས་ཐག་རིང་པོར་འགྲོ་དགོས་པས་སྟབས་བདེ་པོ་མི་འདུག ད་ཆ་ཁུལ་ཆུང་གི་ཁ་སྤྲོད་དུ་ཞིང་ཞོར་ཉོ་ཚོང་ཁྲོམ་ར་འདི་ཡོད་པས།ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་སོང་ཞེས་བཤད།

མིག་སྔར།གནས་སྤོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། འབྲེལ་ཡོད་ཚན་པས་ཀྱང་མཐུན་སྦྱོར་དང་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་ནས་ཚོང་དུད་རྣམས་བདེ་བླག་ངང་གནས་སྤོ་རྒྱུར་འགན་ལེན་བྱེད་པ་དང་། དུས་མཚུངས་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རས་ཀྱང་སྔ་ཙམ་ནས་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་རྒྱ་ཆེའི་གྲོང་མི་རྣམས་ལ་ཞབས་འདེགས་ཞུས་ཏེ། ལྷ་ས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་བ་དང་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བར་བྱས་རྗེས་གཟེངས་སུ་ཐོན་པ་ཞིག་འཇོག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 6 6 拉萨日报藏文 c191701.html 1 ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་གནས་ཡུལ་གསར་པས་མི་དམངས་ལ་ཕན་བདེ་བསྐྲུན་པ། /enpproperty-->