分享按钮

གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།

རྒན་གཞོན་ལག་གདང་སྦྲེལ་ནས་བདེ་འཇགས་ངང་བྱིས་པ་དང་མཉམ་དུ་འགྲོགས་ཞེས་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སློབ་མའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་ཆར། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“རྒན་གཞོན་ལག་གདང་སྦྲེལ་ནས་བདེ་འཇགས་ངང་བྱིས་པ་དང་མཉམ་དུ་འགྲོགས”ཞེས་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་ཁྱིམ་ཚང་20ལས་གྲུབ་པ་དང་། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་2ཀྱིས་དུས་གཅིག་ཏུ་འགྲན་བསྡུར་བྱས་པ་རེད། དེའི་ནང་སྲོག་ཉེན་ལས་ཐར་ཐབས་དང་། དངོས་ཟོག་དབོར་ནས་རོགས་སྐྱོབ་བྱེད་པ། ང་ནི་ལན་འདེབས་མཁན་མཁས་པ་ཆུང་ཆུང་ཞིག་ཡིན་ཞེས་པ་སོགས་ཀྱི་དགོད་བྲོ་བའི་ལེ་ཚན་བཀོད་སྒྲིག་བྱས་ཏེ། མེ་ཟོན་བདེ་འཇགས་སྐོར་གྱི་ཤེས་བྱ་དེ་རོལ་རྩེད་ནང་བཅུག་ནས་བྱིས་པ་ཚོ་རྩེད་མོ་རྩེ་ཞོར་དུ་སློབ་སྦྱོང་དང་སློབ་སྦྱོང་བྱེད་ཞོར་དུ་རྩེད་མོ་རྩེ་རུ་བཅུག་པ་རེད།

“ང་ནི་ལན་འདེབས་མཁན་མཁས་པ་ཆུང་ཆུང་ཞིག་ཡིན”ཞེས་པའི་ལྷུ་ཚིགས་ནང་། བྱིས་པ་ཚོས་གཙོ་སྐྱོང་བས་བཏོན་པའི་དྲི་བར་འཚང་ཁ་ཤིག་ཤིག་ངང་ལན་བཏབ་པ་དང་། མེ་ཟོན་པས་བྱིས་པ་ཚོར་མེ་ཟོན་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་དོ་སྣང་བྱེད་དགོས་པའི་གནད་དོན་འགྲེལ་བཤད་དང་། ཁོང་ཚོར་མེ་སྐྱོན་གྱི་གནོད་འཚེར་ངོས་འཛིན་ཡང་དག་བྱ་རྒྱུའི་ཁྲིད་སྟོན། ཇི་ལྟར་བྱས་ཏེ་མེ་སྐྱོན་སྔོན་འགོག་དང་རང་སྐྱོབ་བྱེད་ཤེས་པ་བཅས་བྱས་པ་རེད། “དངོས་ཟོག་དབོར་ནས་རོགས་སྐྱོབ་བྱེད་པ”ཞེས་པའི་ལྷུ་ཚིགས་ནང་། མེ་ཟོན་ཡོ་བྱད་དེ་རྒྱུག་མཐུད་དབྱུག་པ་བྱས་ནས་བྱིས་པ་ཚོ་ཁྱིམ་བདག་གི་རོགས་རམ་འོག་ཡོ་བྱད་བརྒྱུད་སྤྲོད་དང་བེད་སྤྱོད་གཏོང་དུ་བཅུག་པ་དང་། དེས་བྱིས་པ་ཚོའི་ཚོགས་པའི་མཉམ་ལས་ཀྱི་ནུས་པར་སྦྱོང་བརྡར་ཐེབས་པར་མ་ཟད། ད་དུང་ཁོང་ཚོར་མེ་ཟོན་ཡོ་བྱད་བེད་སྤྱོད་གཏོང་ཚུལ་ཐད་ཉམས་ལེན་ཐུབ་པ་དང་། ཁོང་ཚོའི་དོན་དངོས་བཀོལ་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད། “སྲོག་ཉེན་ལས་ཐར་ཐབས”ཞེས་པའི་ལྷུ་ཚིགས་ནང་། ཁྱིམ་བདག་གིས་བྱིས་པ་ཚོའི་སྣེ་ཁྲིད་དེ་དུ་ལོང་གིས་འཁྲིགས་པའི་ཁང་པ་ནས་ཇི་ལྟར་བྱས་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་ཐད་འགྲན་སློང་བྱས་ཏེ། ཚང་མར་མེ་སྐྱོན་ལས་གཡོལ་བའི་གཞི་རྩའི་གོ་རིམ་དང་དོ་སྣང་བྱེད་དགོས་པའི་གནད་དོན་ལ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ། འཁྲུག་ཆ་དོད་ལ་སྤྲོ་སྣང་གི་རྣམ་པས་ཁེངས་ཡོད། ཁྱིམ་བདག་དང་བྱིས་པ་ཚོར་དེ་བས་གཏིང་ཟབ་པའི་མྱོང་ཚོར་ཡོང་བར་བྱ་ཆེད། དགོད་བྲོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཁག་ལེགས་གྲུབ་ཟིན་རྗེས། བྱེད་སྒོའི་ཐོག་ད་དུང་ཐག་འཐེན་འགྲན་བསྡུར་དང་། སྤྲིན་སྐས་ཉམས་ལེན། འཕྲུལ་མི་ཉམས་ལེན། ཆུ་མདའ་རྒྱག་པ། རི་འཛེག མེ་གསོད་པ་སོགས་ཀྱི་རྣམ་གྲངས་མང་པོ་སྤེལ་བ་རེད། ཐག་ཉེ་ས་ནས་མེ་ཟོན་ཉམས་ལེན་བྱེད་པ་དང་། བྱེད་སྒོ་སྤེལ་ཡུལ་དངོས་ལ་བརྟེན་པ། མེ་ཟོན་གྱི་རྒྱུན་གཏན་རོགས་སྐྱོབ་དང་ཁ་འགྲེམས་གནས་ཚུལ་ལད་ཟློས་བཅས་བྱས་ཏེ། རྩེད་མོ་རྩེ་ཞོར་དུ་སློབ་གསོ་གཏོང་བའི་བྱ་ཐབས་ཐོག་ནས་ཁྱིམ་བདག་དང་བྱིས་པ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་ཡོད།

ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཕྱོགས་བསྡུས་མཛུབ་ཁྲིད་ཁྲུའུ་ཡི་ལས་རོགས་པ་ལེང་ཧྲེ་མིན་གྱིས། ད་ལོའི་ཟླ་11པ་ནི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བ་རེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དམངས་ཡོངས་ཀྱི་མེ་ཟོན། ཚེ་སྲོག་གོང་དུ་བཀུར་ཞེས་པའི་གཙོ་དོན་དང་། སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་དམིགས་ཏེ།ད་ཐེངས་བྱེད་སྒོ་འདི་སྤེལ་ནས་སློབ་མའི་མེ་ཟོན་བདེ་འཇགས་ཀྱི་བྱང་ཚད་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ། བྱིས་པ་གཅིག་ལ་སློབ་གསོ་བཏང་ན་ཁྱིམ་ཚང་གཅིག་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་། དེ་ནས་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པའི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ཆེན་པོའི་རྣམ་པ་ཞིག་ཆགས་པར་བྱས་ནས་དམངས་ཡོངས་མེ་ཟོན་ནང་ཞུགས་པ་དང་། མེ་ཟོན་ལ་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ཕྲུ་གུ་ཚོས་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས། 6 6 拉萨日报藏文 c191700.html 1 རྒན་གཞོན་ལག་གདང་སྦྲེལ་ནས་བདེ་འཇགས་ངང་བྱིས་པ་དང་མཉམ་དུ་འགྲོགས་ཞེས་པའི་བྱེད་སྒོ་སྤེལ་བ། /enpproperty-->