分享按钮

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་མི་སྒེར་དབྱང་ཞུའེ་ཅུན་གྱི་རྩེར་སོན་ཆེད་ལས་རྩལ་ནུས་ཀྱི་སྐོར་བཀོད་པ།

(པར་ངོས་དང་པོར་མཐུད)མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་འཐབ་ས་མདུན་མར་ལངས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ལེའུ་བརྩམས་ཡོད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པར་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་གོས་དར་ཤ་སྟག་ཡིན་པ་རེད། མི་དམངས་ཉེན་རྟོག་པས་ལྷག་བསམ་རྣམ་དག་གིས་མི་དམངས་ལ་ཞབས་འདེཊ་ཞུས་ཏེ་རང་འགན་གཙང་སྒྲུབ་ཀྱིས་མི་དམངས་ཀྱི་དཀའ་ངལ་སེལ་བ་ཞེས་པ་སོགས་ཀྱི་ཡིག་འབྲུ་དེ་དག་གི་ཐོག་ནས་རུ་ཆེན་བཞི་པའི་ཐོག་མཐའ་བར་གསུམ་གྱི་མངོན་གསལ་དོད་པའི་གྲུབ་འབྲས་མངོན་ཐུབ་པར་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་ཁོང་ཚོས་ལེགས་སྐྱེས་ཧུར་ཐག་ཕུལ་བ་དེ་བས་མངོན་ཐུབ། དབྱང་ཞུའེ་ཅུན་གནས་སའི་ཉེས་དོན་མྱུལ་ཞིབ་རུ་ཆེན་བཞི་པའི་ཁོངས་གཏོགས་ཁུལ་ནི་རང་གྲོང་གི་མི་རིགས་མང་པོ་འདུས་སྡོད་བྱེད་ཁུལ་ཞིག་ཡིན་ཞིང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་སྤེལ་རེས་འབྲེལ་གཏུགས་སྔར་བས་ཡག་པོ་བྱ་ཆེད། ཁོང་གིས་མི་རིགས་མི་འདྲ་བའི་རིག་གནས་དང་གོམས་སྲོལ་ལ་སློབ་སྦྱོང་དང་ཤེས་རྟོགས་ཧུར་ཐག་བྱས་ཤིང་། བོད་རིགས་ལས་གྲོགས་ཀྱི་ས་ནས་བོད་སྐད་སློབ་སྦྱོང་ཧུར་ཐག་བྱེད་པ་དང་རྟག་ཏུ་ཁོངས་གཏོགས་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་གསར་ཤོས་དང་དོན་སྙིང་གལ་ཆེན་དྲིལ་བསྒྲགས་བྱེད་བཞིན་ཡོད།

གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་བཞི་པའི་རུ་དཔོན་གཞོན་པ་ཉི་མ་དོན་གྲུབ་ཀྱིས་བློ་མཐུན་དབྱང་ཞུའེ་ཅུན་གྱིས་གཟབ་ནན་དང་ལྷག་བསམ་རྣམ་དག་གི་ལས་ཀའི་རྣམ་འགྱུར་ཐོག་ནས་ཉེས་དོན་གྱོད་གཞི་ཐོན་ཡུལ་དུ་རྩད་ཞིབ་བྱེད་པའི་ལས་ཀའི་ཁྲོད་ཁྱད་དུ་འཕགས་པའི་ཆེད་ལས་ཀྱི་ནུས་པ་མངོན་ཡོད། ཁོང་ནི་ཉེས་དོན་ལག་རྩལ་ཁྱབ་ཁོངས་ཀྱི་ཕུལ་བྱུང་མི་སྣ་ཞིག་ཡིན་པར་མ་ཟད། རྒྱུན་ཆད་མེད་པར་གསར་གཏོད་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཐད་འཇོན་ཐང་ཡོད་པའི་མི་ཞིག་ཀྱང་རེད། དུས་རྒྱུན་གྱི་ལས་ཀའི་ཁྲོད་ཁོང་གིས་ཚོགས་པ་འཛུགས་རྒྱུར་སྣང་ཆེན་དང་ཤེས་ལྡན་མི་སྣ་ཤེས་རྟོགས་དང་གསོ་སྐྱོང་བྱ་རྒྱུར་མཁས་པས་ཚོགས་པའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། དེ་དང་ཆབས་ཅིག་ཁོང་གིས་རང་དཔེ་གཞན་སྟོན་གྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་རོགས་ཚོར་མིག་དཔེ་སྟོན་གྱི་ཡོད། བློ་མཐུན་དབྱང་ཞུའེ་ཅུན་གྱི་སྣེ་ཁྲིད་འོག་ང་ཚོའི་ཚོགས་པ་ཧྲིལ་པོས་མི་རིགས་མཐུན་སྒྲིལ་དང་གྱོད་གཞི་མྱུལ་ཞིབ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལོ་20ལྷག་ཙམ་རིང་གི་ཉེས་དོན་མྱུལ་ཞིབ་ལས་དོན་ནང་དབྱང་ཞུའེ་ཅུན་གྱིས་གྱོད་གཞི་སྣ་ཚོགས་800ལྷག་ཙམ་མྱུལ་ཞིབ་བྱས་ནས་རྩད་ཆོད་པ་དང་། དོགས་ཡོད་མི་སྣ་མི་ཐེངས་500ལྷག་ཙམ་འཛིན་བཟུང་བྱས་པ། གྱོང་གུན་སྒོར་ཁྲི་800ལྷག་ཙམ་མི་ཕོག་པ་བཅས་བྱས་པར་གོང་རིམ་ཏང་ཨུད་ཀྱི་ཁས་ལེན་དང་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་3དང་མི་སྒེར་གྱི་གཟེངས་བསྟོད་བྱ་དགའ་ཐེངས་3སྔ་རྗེས་སུ་ཐོབ་པ་དང་། 2022ལོའི་ཟླ་5པར་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་ཞེས་པའི་གཟི་བརྗིད་མཚན་སྙན་གནང་བ་རེད། 2024ལོའི་ཟླ་9པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ཞེས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། དབྱང་ཞུའེ་ཅུན་གྱིས་ད་ལོ་རྒྱལ་ས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གཟི་བརྗིད་མཚན་སྙན་ཐོབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ད་རེས་ཀྱི་གཟེངས་བསྟོད་ནི་ང་ལ་ཁས་ལེན་དང་སྐུལ་ལྕག་བྱས་པ་ཞིག་ཡིན་ལ་དེ་བས་སྐུལ་མ་ཐེབས་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་གཏིང་ཟབ་བྱུང་ཞེས་བཤད།

དབྱང་ཞུའེ་ཅུན་གྱིས་ས་གནས་དེ་གའི་རིག་གནས་དང་འཚོ་བའི་གོམས་གཤིས་དང་འབྲེལ་འདྲིས་བྱེད་རིང་བོད་རིགས་མང་ཚོགས་ནི་ཇ་བསྲུབས་མ་དང་། ཚགས་ཤ ལུག་ཤ་བཅས་ཟ་རྒྱུར་དགའ་པོ་ཡོད་པ་ཤེས་རྟོགས་བྱུང་། བཟའ་བཏུང་གི་གོམས་གཤིས་དེ་རིགས་ཀྱིས་ཕོར་པའི་ངོས་སུ་སྣུམ་ཚིལ་རང་བཞིན་གྱི་མཛུབ་རིས་ཆགས་ནས་གྱོད་གཞིའི་མྱུལ་ཞིབ་ལས་དོན་ལ་འགྲན་སློང་ངེས་ཅན་ཞིག་འཕྲད་ཀྱི་ཡོད། འོན་ཀྱང་དཀའ་གནད་དེའི་ཁྲོད་དུ་ཁོང་གིས་དཔའ་མ་ཞུམ་པར་ཡུལ་བབ་དང་བསྟུན་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འཚོལ་ཞིབ་བྱེད་བཞིན་ཡོད། དབྱང་ཞུའེ་ཅུན་གྱིས་མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་གྱོད་གཞི་མྱུལ་ཞིབ་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་ཆེད། ལས་ཀ་ལོ་གཅིག་བྱས་རྗེས་ཀྱི་དབྱང་ཞུའེ་ཅུན་གྱིས་བོད་ཀྱི་སྨུག་ཕྱིའི་འོད་ཤུགས་ཆེ་བའི་རང་བྱུང་གི་ལེགས་ཆ་སྤྱད་དེ་ལོ་ཕྱེད་ཙམ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རླབས་ཐུང་སྨུག་ཕྱིའི་འོད་པར་ལེན་གྱི་དཀར་ཡོལ་ངོས་ཀྱི་སྣུམ་ཚིལ་རང་བཞིན་གྱི་མཛུབ་རིས་སྤྱོད་པའི་བྱ་ཐབས་གསར་པ་ཞིག་གྲུབ་འབྲས་ཐོབ་པའི་ངང་ཞིབ་འཇུག་བྱས་ནས་ཤེས་རྟོགས་ཐུབ་པ་རེད། བྱེད་ཐབས་དེ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྤྱད་པ་དེས་གྱོད་གཞི་མྱུལ་ཞིབ་བྱེད་རིང་གི་དཀའ་གནད་ཆེན་པོ་ཞིག་ཐག་གཅོད་ཐུབ་པར་མ་ཟད། དབྱང་ཞུའེ་ཅུན་གྱིས་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་དད་སེམས་བརྟན་པོ་དེ་བས་མཚོན་ཐུབ། ཁོང་གི་འབད་བརྩོན་ལ་ལས་གྲོགས་ཚོའི་བསྔགས་བརྗོད་ཡག་པོ་ཐོབ་པར་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

དབྱང་ཞུའེ་ཅུན་གྱིས་ང་རང་ཉིད་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ད་དུང་འདང་གི་མེད་པ་ཤེས་ཀྱི་ཡོད། དེར་བརྟེན་སླད་ཕྱིན་གྱི་ལས་དོན་དང་འཚོ་བའི་ཁྲོད་ངས་དེ་བས་ནན་པའི་ཚད་གཞི་སྤྱད་དེ་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སྤྱི་བདེའི་ལས་དོན་གྱི་ལྷུ་ཚིགས་ཚང་མར་ཁྱབ་པར་བྱེད་པ་དང་། རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ཁག་དབར་སྤེལ་རེས་དང་མཉམ་འདྲེས་ཀྱི་སྦྲེལ་ཟམ་ཞིག་བསྐྲུན་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-26 6 6 拉萨日报藏文 c191692.html 1 རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་མི་སྒེར་དབྱང་ཞུའེ་ཅུན་གྱི་རྩེར་སོན་ཆེད་ལས་རྩལ་ནུས་ཀྱི་སྐོར་བཀོད་པ། /enpproperty-->