ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་22ཉིན། ཕན་ཀྲི་ཧྭ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་གྲོང་ཁྱེར་འཕེལ་རྒྱས་དང་ས་ཆའི་ཐོན་ཁུངས་འོས་སྦྱོར་གྱི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཕན་ཀྲི་ཧྭ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཝུན་ཁྲུན་ཧྲེང་གིས་ཕན་ཀྲི་ཧྭ་ཡི་གཞི་རྩའི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། དེ་རྗེས་ཕན་ཀྲི་ཧྭ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱི་འགན་འཁུར་བས་སྲིད་ཇུས་ཀྱི་ལེགས་ཆ་དང་། ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བའི་ས་བབ་ཀྱི་ལེགས་ཆ། གནམ་འོག་ཀུན་ལ་སྐད་གྲགས་ཆོད་པའི་ཐོན་ཁུངས་ཀྱི་ལེགས་ཆ། རྨང་གཞི་བརྟན་པའི་ཐོན་ལས་ཀྱི་ལེགས་ཆ། གནས་སྡོད་དང་ལས་རིགས་ལ་འཚམ་པའི་ཁོར་ཡུག་གི་ལེགས་ཆ་བཅས་ཕྱོགས་ལྔའི་ཐད་ནས་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་དང་མ་འཇོག་རིན་ཐང་ཁྱོན་ཡོངས་ནས་གསལ་འགྲེལ་བྱས་པ་རེད། ཕན་ཀྲི་ཧྭ་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལམ་ཐིག་གསུམ་གྱི་འཛུགས་སྐྲུན་རྟེན་རྫས་བཤམས་མཛོད་ཁང་གི་ལམ་ཐིག་གསུམ་གྱི་རིག་གནས་ཡུལ་སྐོར་དང་། ཕུའུ་ཏ་ཉི་འོད་རྒྱལ་སྤྱིའི་ལུས་གསོ་སྤྲོ་གསེང་ཁུལ། སྨི་དབྱི་ཐའེ་དབྱང་ཀུའུ་ལུས་གསོ་སྤྲོ་གསེང་ཁུལ་སོགས་མངོན་གསལ་དོད་པའི་གཙོ་དོན་ཡུལ་སྐོར་ལམ་ཐིག་རྩེ་གྲ་འོས་སྦྱོར་བྱས་པ་དང་ལམ་ཐིག་ཚང་མར་ཡིད་དབང་འཕྲོག་ཤུགས་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་ཆའི་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱ་ཆེད། ད་ལོ་ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་ད་དུང་ས་ཆའི་ཐོན་ཁུངས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ནས་ཁྲོམ་རར་འདོན་རྩིས་ཡོད་པའི་ས་ལྷེབ་ཁྱོན་51ཡོད་པ་དེའི་རྒྱ་ཁྱོན་ལ་མུའུ་3327.90ཙམ་ཡོད་པ་རེད། ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་ཧྥན་ཐེ་མཐོ་གསར་དོ་དམ་ཨུ་ལྷན་གྱིས་རྫོང(ཆུས)ཁག་གི་གཙོ་གནད་ཁྲོམ་རར་འདོན་རྩིས་ཡོད་པའི་ས་ཆ་འོས་སྦྱོར་ཞིབ་ཕྲ་བྱས་ནས་ཁྲོམ་རའི་གནས་ཚུལ་དང་མ་འཇོག་གི་དགོས་མཁོར་གཞིགས་ཏེ་གོ་རིམ་ལྡན་པའི་ངང་འདོན་རྒྱུ་ཡིན་པ་རེད། བྱེད་སྒོའི་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་དང་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་འཐུས་མི་དང་གཅིག་གཏད་གཅིག་གི་ཐོག་ནས་སྤེལ་རེས་དང་ངོ་འཕྲད་གྲོས་མོལ་གཏིང་ཟབ་བྱས་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社