ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་23ཉིན། 2024ལོའི་ལྷ་སའི་སྐབས་དང་པོའི་1688སྦི་རག་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར(དར་མ་དང་རྒན་རྒོན35+)འགོ་ཚུགས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཞོར་རིག་གནས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཐེངས་འདིའི་འགྲན་བསྡུར་ནི་བོད་ལྗོངས་ཁུའུ་རུའེ་ལུས་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་སྒྲུབ་འགན་ཁུར་བ་དང་། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་རྐང་རྩེད་སྤོ་ལོ་དབྱིངས་པ་རྣམས་ཆུ་མིག་ལམ་ལུས་རྩལ་སྤྱི་གླིང་དུ་མཉམ་དུ་འཛོམས་ནས་གཟའ་མཇུག་གི་དུས་སྐབས་དང་བསྟུན་ནས་མཉམ་དུ་འགྲན་བསྡུར་དང་སྤེལ་རེས་ཀྱི་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་ལས་ཞོར་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད།
འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་མཁྱེན་རབ་ཕུན་ཚོགས་ཀྱིས་གཟའ་མཇུག་སྐབས་འགྲན་བསྡུར་བྱེད་པ་ནི་ང་ཚོའི་ངོས་ནས་བརྗོད་ན་སོས་དལ་བག་ཕེབས་ཀྱི་གོ་སྐབས་ཤིག་རེད། ཕན་ཚུན་དབར་འབྲེལ་གཏུགས་དང་སྤེལ་རེས་བྱེད་པའི་གོ་སྐབས་ཤིག་ཡིན་ལ་གྲོགས་པོ་དེ་བས་མང་བ་ཞིག་ཀྱང་ངོ་ཤེས་ཀྱི་ཡོད། ད་ཐེངས་ང་ཚོས་རང་ཉིད་ཀྱི་ནུས་པ་མཐོ་རུ་གཏོང་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
འགོ་ཚུགས་མཛད་སྒོ་སྟབས་བདེ་ཞིག་འཚོགས་རྗེས། འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། ཚོགས་ཆུང་འགྲན་བསྡུར་གྱི་ཚོགས་ཆུང་དང་པོའི་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གཉིས་པོས་སྤོ་ལོ་ཐང་དུ་ཕན་ཚུན་འགོག་རྒོལ་དང་སྤོ་ལོ་བླུགས་པའི་རྩལ་ནུས་ངོམ་གྱི་ཡོད། དགུན་དུས་ཡིན་ནའང་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་རྣམས་ཀྱི་ངར་ཤུགས་ཐད་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་ཀྱི་མེད་པར་མ་ཟད། འགྲན་བསྡུར་གྱི་བརྒྱུད་རིམ་ཛ་དྲག་པོ་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་ཤན་འབྱེད་པ་རྡོ་རྗེ་ཚེ་རིང་གིས་ད་ཐེངས་ཀྱི་འགྲན་བསྡུར་ནང་འཐུས་མི་རུ་ཁག་11ཞུགས་ཡོད་ཅིང་། དེ་ནི་ཕྱོགས་གཉིས་ཀར་མི་བདུན་གྱི་རྒྱག་སྟངས་ལྟར་བཀོད་སྒྲིག་བྱས་ཡོད། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་གཟའ་འཁོར་གཉིས་ཀྱི་རྗེས་སུ་བྱ་རྒྱུ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནི་ལྷ་སའི་ལས་ཞོར་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་ཚོར་སྤེལ་རེས་དང་སློབ་སྦྱོང་གི་སྟེགས་བུ་མཁོ་འདོན་ཐུབ་རྒྱུ་མ་ཟད། དམངས་ཡོངས་ཀྱི་ལུས་སྦྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད་སྤེལ་བ་ཞིག་རེད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མི་དམངས་བློ་ཡིད་ཚིམ་པའི་ལུས་རྩལ་གཉེར་རྒྱུ་འགོ་འཛུགས་སར་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་ཀྱི་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་། ལུས་སྦྱོང་སྒྲིག་བཀོད་མཁོ་འདོན་ནུས་ལྡན་བྱེད་མང་དུ་གཏོང་བ། ལུས་རྩལ་ལུས་སྦྱོང་གི་རྣམ་གྲངས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པ་བརྒྱུད་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社