ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་22ཉིན། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(འཕྲོད་བསྟེན་ལྟ་སྐུལ་སུའོ)ཀྱིས་གཉེར་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་སློབ་གྲྭའི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ཤེས་བྱའི་འགྲན་བསྡུར་སྐབས་དང་པོ་དེ་གཉེར་བ་རེད། གྲོང་ཁྱེར་ཡོངས་ཀྱི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་དང་། སློབ་ཆེན། ལས་རིགས་ལག་རྩལ་སློབ་གསོའི་རིགས་ཀྱི་སློབ་གྲྭ་བཅས་ཀྱི་བདེ་འཇགས་འཕྲོད་བསྟེན་ལས་དོན་གྱི་འགན་འཁུར་བ་དང་དེ་བཞིན་སློབ་གྲྭའི་སྨན་པ་སོགས་ཁྱོན་མི་གྲངས་80ཞུགས་ཡོད་པ་རེད།
འགྲན་བསྡུར་གྱི་ནང་དོན་ནང་རིགས་པའི་གཞུང་ལུགས་ཀྱི་ཡིག་ཐོག་ཡིག་རྒྱུགས་དང་འགོག་བཅོས་ཤེས་བྱའི་འགྲན་བསྡུར་ཚུད་ཡོད་ཅིང་། ཤེས་བྱ་གསོག་འཇོག་དང་། ཉམས་མྱོང་གསོག་འཇོག འགོག་བཅོས་དངོས་སྤྱོད་སོགས་ཕྱོགས་མང་པོའི་ཐོག་ནས་འགྲན་ཞུགས་བདམས་ཐོན་པའི་ཆེད་ལས་ཀྱི་རྩལ་ནུས་ཆུ་ཚད་ལ་ཁྱོན་ཡོངས་ནས་རྟོག་ཞིབ་བྱས་ཡོད། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(འཕྲོད་བསྟེན་ལྟ་སྐུལ་སུའོ)ཀྱི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཁོའོ་ཡི་ཁོའོ་ཀྲང་འཆི་མེད་ཀྱིས་འགྲན་བསྡུར་ཆེན་མོས་ལག་གདང་སྦྲེལ་ནས་མཉམ་དུ་སྔོན་འགོག་དང་། བདེ་ཐང་ལྡན་པའི་དབུགས་འབྱིན་རྔུབ་བྱེད་ཅེས་པ་གཙོ་དོན་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་འདུས་འདྲིལ་གཅོང་ནད་ལ་ཐུན་མོང་ཐོག་དོ་ཁུར་བྱ་རྒྱུར་སྐུལ་མ་བཏང་ནས་བདེ་ཐང་ལྡན་པའི་ལྷ་ས་དང་། འདུས་འདྲིལ་གཅོང་ནད་མེད་པའི་སྡེ་ཁུལ་དང་སློབ་གྲྭ་བཅས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་རྨང་གཞི་འདིང་རྒྱུ་དེ་རེད། དེ་དང་ཆབས་ཅིག་སློབ་གྲྭའི་སྨན་པ་དང་སློབ་གྲྭའི་འགན་འཁུར་བར་སྤེལ་རེས་དང་སློབ་སྦྱོང་གི་སྟེགས་བུ་མཁོ་འདོན་བྱས་ནས་ཁོང་ཚོའི་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་རྩལ་ནུས་ཆེ་རུ་བཏང་སྟེ་དགེ་སློབ་ཀྱི་བདེ་ཐང་ལ་འགན་ལེན་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འདུས་འདྲིལ་གཅོང་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་ངོ་སྤྲོད་བྱས།
འདུས་འདྲིལ་གཅོང་ནད་ནི་མིའི་རིགས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་དལ་བའི་རང་བཞིན་གྱི་འགོས་ནད་རང་བཞིན་གྱི་ནད་རིགས་ཤིག་ཡིན། ལྷག་པར་དུ་བྱིས་པ་དང་ན་གཞོན་རྣམས་ལ་འདུས་འདྲིལ་གཅོང་ནད་འགོས་སླ་བར་མ་ཟད། ཉེན་ཁ་ཅུང་ཆེ་བའི་སྒོ་ནས་འགུལ་སྐྱོད་རང་བཞིན་གྱི་འདུས་འདྲིལ་གཅོང་ནད་དུ་འགྱུར་བཞིན་ཡོད་པ་རེད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་འདུས་འདྲིལ་གཅོང་ནད་མཆེད་རྒྱུ་བཀག་འགོག་ནུས་ལྡན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་སློབ་གྲྭའི་འདུས་འདྲིལ་གཅོང་ནད་གྲལ་བཤེར་གྱི་ལས་དོན་སྤེལ་ནས་རང་འགུལ་ངང་སློབ་གྲྭའི་ནང་གི་གློ་བའི་འདུས་འདྲིལ་གཅོང་ནད་ཕོག་མཁན་དང་དེ་བཞིན་ནད་དཔེ་ཤེས་རྟོགས་ཐུབ་ཚེ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བཅས་བྱེད་ཀྱི་ཡོད་པ་རེད། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ཤེས་བྱའི་འགྲན་བསྡུར་སྤེལ་བ་དེས་ཤེས་བྱ་ཁྱབ་སྤེལ་ལ་སྔར་བས་སྐུལ་འདེད་ཐུབ་ནས་སློབ་གྲྭའི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པའི་ཏང་སྤྱི་ཁྱབ་ཀྲི་པུའི་སྒྲིག་བཤེར་ཨུ་ཡོན་དང་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་སློབ་སྤྱི་གཞོན་པ་གཅིག་ལྕོགས་ཡིན་པའི་བུ་ཆུང་གིས་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད། ང་ཚོས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་གྲྭའི་དགེ་སློབ་ཚོར་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་སྤེལ་རྒྱུ་ཡིན། དུས་མཚུངས་སུ་ང་ཚོས་སློབ་གྲྭའི་རྒྱང་བསྒྲགས་དང་། དྲིལ་བསྒྲགས་སྒྲོམ་སྟེགས། ནག་པང་ཚགས་པར། ཤེས་བྱའི་འགྲན་བསྡུར་སོགས་ཀྱི་རྣམ་པ་སྤྱད་ནས་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། འགོག་བཅོས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ལ། དེས་མ་ཟད་སློབ་མར་འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་དྲན་སྐུལ་ཡང་བྱ་རྒྱུ་ཡིན། སློབ་གྲྭས་དགེ་སློབ་ཚོའི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱེད་པ་དང་དུས་བཀག་བཞིན་གཟུགས་པོར་བརྟག་དཔྱད་བྱས་ནས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་བྱ་རྒྱུའི་འགན་ལེན་བྱས་ཏེ་འགོག་བཅོས་ཀྱི་ཤེས་བྱ་དང་ལས་དོན་མི་སེམས་སུ་འཇགས་པར་བྱས་པའི་ཁར་བདེ་ཐང་ལྡན་པའི་སློབ་གྲྭ་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社