ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་དམངས་ཁྲོད་རྩ་འཛུགས་ཀྱིས་སྤེལ་བའི་བོད་ལུགས་ཀེ་རེམ་འགྲན་བསྡུར་ལ་སྤོ་ལོ་དབྱིངས་པ་གྲངས་མེད་ཀྱི་སེམས་པ་གཡོ་འགུལ་ཐེབས་ཤིང་། ཛ་དྲག་ངང་འགྲན་བསྡུར་བྱས་པ་བརྒྱུད། མང་ཚོགས་ཀྱི་རེ་སྒུག་འོག་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ནོར་རྒྱས་དང་ཆོས་འབྱོར་གཉིས་ཀྱིས་ཚོགས་ཆུང་Aདང་Bཡི་འགྲན་བསྡུར་ནང་ཨང་དང་པོ་བླངས་ནས་ད་ཐེངས་ཀྱི་འགྲན་བསྡུར་ལ་གྲུབ་འབྲས་ཡག་པོ་ཐོབ་པ་རེད།
རྒྱལ་ཕམ་ཐག་གཅོད་ཀྱི་ཉིན་དེར། འགྲན་བསྡུར་ལ་ལྟ་མཁན་གྱི་སྤོ་ལོ་དབྱིངས་པ་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཚང་མས་རེ་སྒུག་ཆེན་པོ་བྱས་ནས་བདམས་ཐོན་པའི་འགྲན་རའི་ཐོག་གི་རྩེར་སོན་ལག་རྩལ་ལ་ལྟ་བཞིན་ཡོད་པ་རེད། སྤོ་ལོ་དབྱིངས་པ་ཚེ་རིང་དགྲ་འདུལ་གྱིས་ད་ཐེངས་ཀྱི་བོད་ལུགས་ཀེ་རེམ་འགྲན་བསྡུར་གཉེར་བ་ཧ་ཅང་ཡག་པོ་འདུག འགྲན་བསྡུར་ཧྲིལ་པོར་ངས་བལྟས་པ་ཡིན། གཞོན་ནུ་འགྲན་ཞུགས་པ་ཁག་གཅིག་གིས་འགྲན་བསྡུར་ཡག་པོ་བྱས་པར་མ་ཟད། ལུས་རྩལ་པ་རྒན་གྲས་ཚོས་ཀྱང་ཡུལ་དངོས་སུ་ངག་སློབ་དཔེ་སྟོན་བྱས་ནས་སླད་ཕྱིན་ཀེ་རེམ་རྣམ་གྲངས་ལ་དགའ་པོ་བྱེད་མཁན་གཞོན་ནུ་དེ་བས་མང་བ་འགྲན་བསྡུར་ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་30ཡི་ཐོག་ད་ཐེངས་འགྲན་བསྡུར་གྱི་ཚོགས་ཆུང་Aདང་Bགཉིས་ཀྱི་རྩེར་སོན་འགྲན་བསྡུར་དངོས་སུ་འགོ་ཚུགས་ཤིང་། འགྲན་བསྡུར་གྱི་བཀའ་གྲགས་པ་དང་བསྟུན་ནས་ཀེ་རེམ་སྤོར་སྒྲོམ་གྱི་ཁ་སྤྲོད་དུ་བསྡད་པའི་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པ་ཚོས་བློ་རྩེ་གཅིག་སྒྲིམ་ངང་བསམ་གཞིགས་ཟབ་མོ་བྱས་རྗེས་ཤིང་གི་སྤོ་ལོ་སྒོར་མོ་ཆུང་ཆུང་དེར་མཛུབ་མོས་འབུད་དེ་འདེད་པ་ལས། བཀོད་སྒྲིག་ཞིབ་ཚགས་དང་། གནད་ལ་འཁེལ་བའི་སྒོ་ནས་ཨི་ཁུང་ཕྱོགས་སུ་རྒྱུག་འགྲོ་བ་སོགས་ངོ་མཚར་ཆེ་བའི་ལག་རྩལ་ལ་བརྟེན་ནས་གཞུ་ཐེངས་རེ་རེར་སྤོ་ལོ་ཨི་ཁུང་ནང་ཟགས་པ་དང་། བྱང་ཆུང་བའི་ལག་རྩལ་དེ་ནི་བདམས་ཐོན་པ་ཚོའི་སྙིང་སྟོབས་དང་དད་སེམས་མཉམ་འདྲེས་བྱས་པ་ཞིག་ཡིན་པར་མ་ཟད། ད་དུང་བདམས་ཐོན་པའི་དབར་གྱི་སྙིང་སྟོབས་དང་དད་སེམས་མཉམ་འདྲེས་བྱས་པ་ཞིག་ཀྱང་ཡིན་པ་རེད།
བྱ་དགའ་ཐོབ་པའི་བདམས་ཐོན་པ་ནོར་རྒྱས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ལུགས་ཀེ་རེམ་འཕེལ་རྒྱས་དང་རྒྱུན་འཛིན་ཐད་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པས་ད་ཐེངས་ཀྱི་འགྲན་བསྡུར་ནང་ང་ལ་གྲུབ་འབྲས་བཟང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社