ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་མི་མེད་གནམ་གྲུ་དེ་ཞིང་ལས་དང་།ཐིག་ལེན།འགྲིམ་འགྲུལ་སོགས་ཁྱབ་ཁོངས་མང་པོར་རྒྱ་ཁྱབ་ངང་སྤྱད་པས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་མཁན་ནི་ཀུན་གྱིས་ཡིད་སྨོན་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།ཟླ་11ཚེས་22ཉིན་གྱི་དགོང་མོ།ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ལྷ་སའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་དང་མཉམ་འབྲེལ་ཐོག་སློབ་གྲྭ་དང་ཁེ་ལས་མཉམ་བཙུགས་ཀྱི་མི་མེད་གནམ་གྲུའི་དངོས་སྦྱོང་སྟེགས་བུ་ཞིག་བཏོད་ཡོད།མི་མེད་གནམ་གྲུའི་ཚོགས་པའི་དངོས་སྦྱོང་དེ་སློབ་གྲྭའི་ལུས་རྩལ་ཐང་དུ་ཐོག་མར་འཁྲབ་སྟོན་བྱས་ནས་ཚན་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
ཡུལ་དངོས་སུ་དུས་ཚོད་ལྡོག་རྩིས་ཀྱི་སྒྲ་གྲགས་པ་དང་གློག་འོད་རེ་རེ་བཞིན་ལུས་རྩལ་ཐང་གི་བར་སྣང་དུ་ཁྲ་ཆིལ་ལེར་འཚེར་བ་དེ་ནི་མཚན་མོའི་མཁའ་དབྱིངས་སུ་སྐར་ཚོགས་ཀྱིས་བརྒྱན་པ་དང་གཉིས་སུ་མ་མཆིས།དེ་རྗེས་མི་མེད་གནམ་གྲུ་100དལ་གྱིས་འཕུར་བ་དང་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་སྐབས་རེ་ཨ་ལོག་བརྒྱབ་སྟེ་འཕུར་ལྡིང་བྱེད་ཀྱི་ཡོད།ཇོ་མོ་གླང་མ་དང་ང་ལྷ་སར་དགའ་ཞེས་པ་སོགས་མཛེས་སྡུག་ལྡན་པའི་རི་མོ་རེ་རེ་བཞིན་སྐབས་འགར་སྐར་ཚོགས་བཞིན་འཕྲོ་བ་དང་སྐབས་འགར་འོད་ཀྱིས་བརྒྱན་ནས་སློབ་གྲྭའི་མཁའ་དབྱིངས་སུ་མངོན་ཏེ།གནད་ལ་འཁེལ་བའི་བཀོལ་སྤྱོད་བྱེད་རིམ་ལས་ལག་རྩལ་གྱི་རྩེར་སོན་དང་སྔོན་ཐོན་ཚོར་བར་བྱས་ཡོད།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དགེ་རྒན་མིག་དམར་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོ་ནི་ང་ཚོའི་སློབ་གྲྭའི་མི་མེད་གནམ་གྲུའི་ཆེད་ལས་དང་ཁེ་ལས་དབར་ཐོན་སློབ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེཊ་བྱས་ནས་སློབ་ཁྲིད་དང་།གསོ་སྦྱོང་།དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཁྱོན་ཡོངས་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཐོག་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཐོན་སློབ་ཞིབ་སྤྱོད་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་ནས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་མི་མེད་གནམ་གྲུའི་དངོས་སྦྱོང་སྟེགས་བུ་དེ་ཐོན་སློབ་མཉམ་འདྲེས་ཀྱི་དཔེ་སྟོན་དང་ཚད་ཤིང་དུ་གཏོད་རྒྱུར་གཞོལ་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་པ་བརྒྱུད་ལྷ་ས་དང་ཐ་ན་ཁྱབ་ཁོངས་དེ་བས་ཆེ་བའི་ཐོན་ལས་དང་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཁོ་འདོན་བྱས་ཏེ་ལྷ་སའི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཞིག་འགོད་རྒྱུ་རེད།
ཡུལ་དངོས་སུ་འཁྲབ་སྟོན་བྱེད་རིང་མི་མེད་གནམ་གྲུས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་བརྟན་པའི་རང་བཞིན་དང་གནད་ལ་འཁེལ་བའི་ཚོད་འཛིན་ནུས་པ་རྒྱུན་འཁྱོངས་བྱས་ཏེ་ལྷ་སའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་མི་མེད་གནམ་གྲུའི་ལག་རྩལ་ཁྱབ་ཁོངས་ཀྱི་འཚོལ་ཞིབ་ལག་ལེན་དང་གསར་གཏོད་སྣེ་ཁྲིད་བྱས་པ་མཚོན་པ་དང་།དུས་མཚུངས་ད་ཐེངས་ཀྱི་དངོས་སྦྱོང་སྟེགས་བུ་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དེས།འབྲེལ་ཡོད་ཁེ་ལས་ལྷ་སར་གཅིག་སྡུད་བྱ་རྒྱུའི་ཡིད་དབང་བཀུག་ནས་ཐོན་ལས་འབྲེལ་ཐག་ཆ་ཚང་ཞིག་རིམ་བཞིན་ཆགས་ཏེ་དམའ་དབྱིངས་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཐོན་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།
ལྷ་ས་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཝུའེ་ཡིས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ང་ཚོས་སློབ་གྲྭ་དང་དམའ་དབྱིངས་དཔལ་འབྱོར་ཁྱབ་ཁོངས་མཉམ་ལས་དང་འཚོལ་ཞིབ་བྱེད་པ་ནི་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་བཀོད་སྒྲིག་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བྱེད་ཐབས་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ།རྣམ་པ་གསར་པའི་མི་མེད་གནམ་གྲུའི་འཁྲབ་སྟོན་བྱེད་སྟངས་བརྒྱུད་མི་དེ་བས་མང་བས་ལྷ་སའི་སྣ་མང་དང་གསོན་ཤུགས་ཤེས་རྟོགས་ཐུབ་པར་བྱ་རྒྱུ་དེ་ཡིན་ལ།ལྷ་སའི་ཡུལ་སྐོར་ལ་བཀྲག་མདངས་འཚེར་ས་གསར་པའང་བསྣན་ཡོད་ཅེས་བཤད།
(བུ་ཆུང་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社