分享按钮

ལུས་རྩལ་འགྲན་ཚོགས་ནང་ཞུགས་ནས་མི་རིགས་ མཐུན་སྒྲིལ་གྱི་གླུ་དབྱངས་ལེན།

(པར་ངོས་དང་པོར་མཐུད)སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་མི་རིགས་ལུས་སྦྱོང་ལུས་རྩལ་གྱི་འགྲན་ཞུགས་པ་ཞིག་ཡིན་པའི་རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཁོངས་མི་རིན་ཆེན་གཡང་འཛོམས་ཀྱིས།སེམས་འགུལ་ཚད་མེད་ཐེབས་བཞིན་དུ་གསར་འགོད་པར་རང་ཉིད་ཀྱིས་མི་རིགས་ཞབས་བྲོ་སྦྱངས་ནས་ལོ་7ཕྱིན་སོང་། འགོ་ཚུགས་ལ་ཉེ་བའི་འགྲན་བསྡུར་གྱི་མདུན་དུ་ངའི་སེམས་ནང་སེམས་འགུལ་ཆེན་པོ་ཐེབས་བྱུང་།འགྲན་རའི་ཐོག་ངས་ཞུམ་པ་མེད་པའི་བློ་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་བརྟེན་ནས་འབད་བརྩོན་བྱེད་པ་དང་། སྟོབས་ཤུགས་དངོས་ལ་བརྟེན་ནས་རང་ཉིད་ར་སྤྲོད་བྱེད་པ།ཧུར་སེམས་ཀྱི་རྣམ་འགྱུར་ཐོག་ནས་འགྲན་བསྡུར་གྱི་མཇུག་འབྲས་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱ་རྒྱུ་མ་ཟད།རྒྱལ་ཕམ་གང་འདྲ་ཞིག་བྱུང་རུང་ངས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཚོགས་རར་འཛུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས།འཐུས་མི་ཚོགས་པ་ཁག་སེམས་མཐུན་མཚོན་པའི་སྒོར་མོའི་ཐོག་མཉམ་དུ་འདུས་པས་དམ་པོར་སྦྲེལ་བའི་སེ་འབྲུའི་རྡོག་ལྟར་སྣང་།

འགོ་ཚུགས་མཛད་སྒོའི་ཐོག་གི་དང་བླངས་པ་མ་ཡུས་པའོ་ཡིས།རྒྱལ་དར་བསྒྲེངས་དུས་ང་ཚོས་མཉམ་དུ་རྒྱལ་གླུ་གཏོང་སྐབས་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་སེམས་ཟབ་ཏུ་ཕྱིན་པ་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་ལ།ས་ཡུལ་དངོས་སུ་རང་ཉིད་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མྱོང་ཚོར་བྱུང་བར་མ་ཟད།ང་ཚོའི་མི་རིགས་56ནི་མཐུན་སྒྲིལ་ཞི་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་ཡང་བྱུང་ཞེས་བཤད་པ་རེད།བོད་ཀྱི་འཐུས་མི་ཚོགས་པ་ནི་བོད་རིགས་དང་།ལྷོ་པ་རིགས།མོན་པ་རིགས་སོགས་མི་རིགས་11གི་ལུས་རྩལ་པ་240ལས་གྲུབ་པ་ཞིག་ཡིན་ཞིང་།ཁོང་ཚོས་གླང་པོ་གཉའ་རྩེད་དང་།མི་རིགས་ལུགས་ཀྱི་སྦེ་ག མི་རིགས་ལུས་སྦྱོང་ལུས་རྩལ།མི་རིགས་ཀྱི་དྲག་རྩལ་སོགས་འགྲན་བསྡུར་རྣམ་གྲངས་15དང་། རྭ་སྐོར་རྒྱག་པ།རྡོ་པང་དུ་འགྱོགས་པ།མདའ་འཕེན་སོགས་འཁྲབ་སྟོན་རྣམ་གྲངས་7ལ་ཞུགས་རྒྱུ་ཡིན་པ་རེད།

རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་དང་རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་རང་ལྗོངས་ཀྱི་ལུས་རྩལ་པ་ཞུགས་པའི་འགྲན་བསྡུར་རྣམ་གྲངས་དེ་སྐབས་གོང་མའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་13གྱི་རྨང་གཞིའི་ཐོག་སྨྱུག་མ་རྐང་གཅིག་གི་ཐོག་ཏུ་ཞབས་བྲོ་འཁྲབ་པ་དང་དཔྱང་ཐག་རྣམ་གྲངས་གཉིས་མང་དུ་བཏང་བ་དང་།འཁྲབ་སྟོན་རྣམ་གྲངས་ཁྲོད་གསར་དུ་བདམས་པའི་སྒོར་གཞས་རྣམ་གྲངས་ཡོད།

ཉི་མ་ཚེ་རིང་གིས།རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་ལུས་རྩལ་འགྲན་ཚོགས་ཆེ་གྲས་ཤིག་ཡིན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་གཉེར་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དང་།མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག མི་རིགས་ཁག་གི་མི་དམངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་གྲུབ་འབྲས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་བཅས་སུ་འགྱུར་རྒྱུ་རེད།རང་ལྗོངས་ཀྱི་ལུས་རྩལ་པར་འགྲན་བསྡུར་ནང་གྲུབ་འབྲས་ཡག་པོ་ཐོབ་པ་དང་།ཆུ་ཚད་དང་ཉམས་འགྱུར་མངོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་རྭ་སྐོར་རྒྱག་པའི་རྣམ་གྲངས་ཀྱི་རྩོམ་སྒྲིག་པ་ཚེ་དབང་ལྷ་འཛོམས་ཀྱིས།འགྲན་བསྡུར་བྱེད་ཐེངས་ཚང་མ་ནི་རང་ཉིད་ལ་འགྲན་སློང་དང་མཐར་སོན་ཚད་བརྒལ་བྱེད་པའི་གོ་སྐབས་ཤིག་རེད།འགྲན་བསྡུར་བརྒྱུད་རྭ་སྐོར་རྒྱག་པའི་རྣམ་གྲངས་དེར་མི་དེ་བས་མང་བས་རྒྱུས་མངའ་དང་དགའ་པོ་བྱ་རྒྱུའི་རེ་བ་ཡོད་ལ་ང་ཚོར་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་བའང་ཡོད།ང་ཚོས་ཆུ་ཚད་ཡག་ཤོས་ཀྱི་ཐོག་ནས་རང་ལྗོངས་ལ་གཟི་བརྗིད་མཚན་སྙན་བསྣན་རྒྱུ་ཡིན་ཞེས་བཤད།

《མཉམ་དུ་ལག་གདང་སྦྲེལ་ནས་ཕུགས་འདུན་སྒྲུབ》ཅེས་པའི་ལེ་ཚན་དང་བསྟུན་ནས་མི་རིགས་ཁག་གི་འཁྲབ་སྟོན་པས་སླར་ཡང་གླུ་ལེན་གར་འཁྲབ་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད།

དཔལ་འབར་འཁྱེར་མཁན་12ཚོགས་རར་བསྐྱོད་དེ་ཁག་དྲུག་ལ་དབྱེ་ནས་རིམ་པ་བཞིན་དཔལ་འབར་བརྒྱུད་སྤྲོད་བྱས།

དཔལ་འབར་གཙོ་བོ་སྤར་བ་དེའི་ཐོག་ནས་རྒྱལ་ཡོངས་མི་རིགས་ཁག་གིས་དུས་རབས་གསར་པར་ཐུན་མོང་ཐོག་མཐུན་སྒྲིལ་དང་།ཐུན་མོང་ཐོག་འཕེལ་རྒྱས། ཐུན་མོང་ཐོག་དར་རྒྱས་བཅས་ལོངས་སྤྱོད་བྱེད་པའི་སེམས་མཐུན་དཔལ་འབར་འུར་འུར་དུ་འབར་བ་མཚོན་ཡོད། མེ་ལྕེ་རབ་ཏུ་འབར་བའི་འོག་དཔལ་འབར་གཙོ་བོའི་ཐོག་བརྐོས་པའི“སེམས་མཐུན་མཚོན་པའི་སྒོར་མོ”12ལ་འོད་མདངས་འཚེར་བཞིན་མཆིས།

དེའི་རྗེས་ཀྱི་ཉིན་འགའི་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ལུས་རྩལ་པས་སན་ཡ་ཡི་འགྲན་ར་མང་པོ་ཞིག་ཏུ་ཛ་དྲག་གི་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།

ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་། གནམ་ས་གཅིག་ཏུ་འབྲེལ་བའི་གནས་སུ་མཉམ་འཛོམས་བྱེད།ལྷོ་རྒྱ་མཚོའི་ངོགས་སུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་བསྟོད་གླུ་མཉམ་དུ་ལེན་བཞིན་ཡོད་ལ།ཀྲུང་གོའི་ས་གཞི་ཆེན་མོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད་པ་རེད།

(《བོད་ལྗོངས་ཉིན་རེའི་ཚགས་པར》ནས་སྤེལ་བ་གཞིར་བཟུང)

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-25 6 6 拉萨日报藏文 c191590.html 1 ལུས་རྩལ་འགྲན་ཚོགས་ནང་ཞུགས་ནས་མི་རིགས་ མཐུན་སྒྲིལ་གྱི་གླུ་དབྱངས་ལེན། /enpproperty-->