分享按钮

ལོ་བཅུ་ཕྲག་རིང་གངས་ལྗོངས་ས་མཐོ་བརྟན་སྲུང་བྱས་ཏེ་བདེ་ཐང་ལ་སྲུང་སྐྱོང་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

(པར་ངོས་དང་པོར་མཐུད)ཝང་པིན་གྱིས་ད་དུང་བདེ་སྐྱིད་ལ་སྨན་ཁང་དུ་གཙང་སྦྲ་བྱེད་པའི་ལས་ཀ་ཞིག་བཀོད་སྒྲིག་བྱས་པ་དང་། བུ་མོ་མེ་ཏོག་གི་འཚོ་བའི་ཁ་གསབ་རོགས་དངུལ་དེ་ཡང་ཐོག་མའི་དུས་ཀྱི་ཟླ་རེར་སྒོར་1000ནས་ཟླ་རེར་སྒོར་2000བར་མང་དུ་བཏང་ཡོད།

བདེ་སྐྱིད་ཀྱིས། ཕྲུ་གུ་སྐྱེས་མ་ཐག་ལྷན་སྐྱེས་ནད་ཕོག་ཡོད་པ་དང་། ཏུང་ཧྲི་ཀྲང་ཝང་པིན་གྱིས་ཕྱག་རོགས་གནང་སྟེ་ཕྲུ་གུ་གཞི་ནས་ལྗོངས་ཕྱིར་སྨན་བཅོས་བྱེད་པར་འགྲོ་ཐུབ་པར་མ་ཟད། ད་དུང་ང་ལ་སྨན་ཁང་དུ་གཙང་སྦྲ་བྱེད་པའི་ལས་ཀ་ཞིག་ཀྱང་བཀོད་སྒྲིག་བྱས་བྱུང་། ངས་ནུས་ཤུགས་ཡོད་རྒུས་ལས་ཀ་ཡག་པོ་བསྒྲུབས་ནས་ཏུང་ཧྲི་ཀྲང་ཝང་པིན་གྱིས་ང་ཚོར་ཕྱག་རོགས་གནང་བ་ཆུད་ཟོས་སུ་གཏོང་གི་མིན་ཞེས་བཤད།

ལོ་བཅུ་ཙམ་རིང་། ཝང་པིན་གྱིས་མེ་ཏོག་ལ་ལྗོངས་ཕྱིའི་སྨན་བཅོས་ཐོན་ཁུངས་ཡག་ཤོས་བཀོད་སྒྲིག་བྱས་ནས་མུ་མཐུད་ནས་སྨན་བཅོས་བྱས་པ་དང་། མེ་ཏོག་གིས་ཝང་པིན་རང་གི་ཕ་ངོ་མ་ཞིག་ཏུ་བརྩི་གི་ཡོད། ད་ལོའི་ཨ་ཕའི་དུས་ཆེན་གྱི་སྐབས་སུ། མེ་ཏོག་གིས་ད་དུང་ཝང་པིན་ལ་འཕྲིན་ཡིག་འདི་འདྲ་ཞིག་བྲིས་པ་སྟེ། དེའི་ནང་ཨ་ཕ་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག ང་རང་ཕྲུ་གུ་གཞན་དག་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་བྱུང་ལ། གྲོགས་པོ་ཆུང་ཆུང་གཞན་དག་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོའི་ངང་སློབ་གྲྭར་ཡང་འགྲོ་ཐུབ་བྱུང་བས། ཁྱེད་ལ་ཐུགས་རྗེ་ཆེ་ཞུ། ང་ཁྱེད་ལ་དགའ་ཞེས་བྲིས་ཡོད།

ཧྥུའུ་ཁང་སྨན་ཁང་མ་བཙུགས་གོང་ལ། ཝང་པིན་གྱིས་ཞོར་ལས་བྱེད་མྱོང་ཡོད་ལ། སྨན་ཚོང་ཁང་ཡང་གཉེར་མྱོང་ཡོད། ལས་གཏོད་ཀྱི་དཀའ་ངལ་སྣ་ཚོགས་བརྒྱུད་པའི་རྗེས་སུ། ཁོང་གིས་ཁེ་ལས་གཉེར་སྐབས་ལས་མིར་ཡག་པོ་བྱེད་དགོས་པ་དང་། ལས་མིར་ཡག་པོ་བྱས་ཚེ། ལས་མིས་གཞི་ནས་བློ་རྩེ་གཅིག་སྒྲིམ་ངང་ནད་པར་ཞབས་འདེགས་ཞུ་བ་དང་། གཞི་ནས་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཐུབ་པ་ཤེས་རྟོགས་བྱུང་། ལས་མིར་ཟ་མ་ཡག་པོ་ཞིག་སྟེར་བ་དང་། སྡོད་ས་ཡག་པོ་ཞིག་བཀོད་སྒྲིག་བྱས་པ། གླ་ཕོགས་མཐོན་པོ་ཞིག་སྤྲད་པ་བཅས་ཕུད། ད་དུང་ལས་མིར་སློབ་སྦྱོང་གི་གོ་སྐབས་ཡང་སྤྲད་དེ། ཁོང་ཚོའི་མི་ཚེའི་རིན་ཐང་མངོན་འགྱུར་བྱས་པ་རེད། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཞ་ཡིས། ཏུང་ཧྲི་ཀྲང་གིས་ལས་བཟོ་བར་སེམས་ཁུར་བྱས་ནས། ལས་བཟོ་བའི་ཁེ་ཕན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་གི་ཡོད། ལས་བཟོ་བའི་ཟ་མའི་ཁ་གསབ་དེ་སྔའི་ཟླ་རེར་སྒོར་300ནས་ད་ཆའི་སྒོར་800བར་མང་དུ་བཏང་ཡོད། ཁོང་གིས་ད་དུང་ལས་བཟོ་བའི་འཚར་ལོངས་དང་འཕེལ་རྒྱས་ལ་ལྷག་པར་མཐོང་ཆེན་གནང་སྟེ། མ་དངུལ་འབོར་ཆེན་བཏང་ནས་ང་ཚོའི་སློབ་སྦྱོང་དང་གསོ་སྦྱོང་ལ་རྒྱབ་སྐྱོར་གནང་བས། ང་ཚོར་དྲོ་སྐྱིད་ལྡན་པའི་ཚོར་སྣང་ཟབ་མོ་བྱུང་ཞེས་བཤད།

བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་ཡོན་ཀྲང་གཞོན་པ་རྡོ་རྗེ་ཐར་ནི་ཝང་པིན་གྱི་གསོ་སྐྱོང་འོག་འཚར་ལོངས་བྱུང་བའི་སྨན་བཅོས་ཤེས་ལྡན་པ་ཞིག་རེད། 2005ལོར་སྨན་ཁང་བཙུགས་དུས། རྡོ་རྗེ་ཐར་ཧྥུ་ཁང་སྨན་ཁང་དུ་ལས་ཀར་ཞུགས་པ་དང་། ཁོང་དེ་སྔའི་སྨན་པ་དཀྱུས་མ་ཞིག་ནས་ད་ཆའི་སྨན་ཁང་གི་ལས་སྒོའི་འགོ་གཙོ་གཞོན་པར་གྱུར། བརྒྱུད་རིམ་འདིའི་ཁྲོད་དུ། ཁོང་གིས་ཧྥུའུ་ཁང་སྨན་ཁང་གི་འགྱུར་ལྡོག་ལ་བདེན་དཔང་བྱས་པ་རེད། ལོ་19ཡི་འཕེལ་རྒྱས་བརྒྱུད། ད་ཆའི་ཧྥུའུ་ཁང་ནི་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། སྔོན་འགོག དྲག་སྐྱེད། འཕྲོད་སྦྱོར་བཅས་གཞི་གཅིག་ཏུ་འདུས་པའི་རིམ་གསུམ་ཕྱོགས་བསྡུས་སྒེར་བཙུགས་སྨན་ཁང་ཞིག་རེད།

རྡོ་རྗེ་ཐར་གྱིས། ངའི་འཚར་ལོངས་ནི་སྨན་ཁང་འཛུགས་མཁན་ཏུང་ཧྲི་ཀྲང་ཝང་པིན་གྱིས་གསོ་སྐྱོང་དང་མཛུབ་ཁྲིད་གནང་བ་ལས་བྱུང་བ་ཞིག་ཡིན། ལས་བཟོ་བ་འཚར་ལོངས་ཡག་པོ་བྱུང་ཚེ། གཞི་ནས་ནད་པར་ཞབས་འདེགས་ཡག་པོ་ཞུ་ཐུབ། ཏུང་ཧྲི་ཀྲང་ཝང་པིན་གྱིས་ལས་བཟོ་བ་གསོ་སྐྱོང་བྱ་རྒྱུའི་ཐད་ནུས་ཤུགས་གང་ཡོད་བཏོན་ཡོད། ཁོང་གིས་ང་ཚོར་འཚར་ལོངས་ཀྱི་ལས་སྟེགས་འདི་འདྲ་ཞིག་བསྐྲུན་པའི་དབང་གིས་ནད་པ་ཡང་དྲག་སྐྱེད་ཡག་པོ་བྱུང་བ་དང་། ང་ཚོས་འབད་འཐབ་བྱས་པ་ཚང་མ་ཡང་བྱེད་རིན་ཡོད་པ་ཞིག་རེད་བསམ་གྱི་ཡོད་ཅེས་བཤད།

2012ལོའི་ཟླ་12པར། ཧྥུ་ཁང་གིས“ཧྥུ་ཁང་ཕོ་ཉའི་ཐེབས་རྩ་ལྷན་ཚོགས”ཞེས་པ་བཙུགས་པ་དང་། ལོ་རེར་སྒོར་ཁྲི་200བཏང་ནས་སྨན་བཅོས་དང་། སློབ་ཞུགས། དཀའ་ངལ་ཅན་བཅས་ལ་རོགས་སྐྱོར་བྱེད་བཞིན་ཡོད། ཕོ་ཉའི་ཐེབས་རྩ་ལྷན་ཚོགས་བཙུགས་པ་ནས་བཟུང་། དཀའ་ངལ་ཡོད་པའི་མང་ཚོགས་3326ལ་རོགས་སྐྱོར་བྱས་པ་རེད། མིག་སྔའི་བར། ཧྥུའུ་ཁང་སྨན་ཁང་གིས་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་8000ལྷག་ཙམ་བཏང་ཡོད་པ་རེད།

ཝང་པིན་གྱིས། ཕུལ་བྱུང་གི་ཁེ་ལས་མཁས་ཅན་ཞིག་ལ་ཐོག་མར་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་ཡོད་དགོས་ལ། མང་ཚོགས་ཀྱི་ཁེ་ཕན་ཡང་ཆེས་མཐོ་བའི་གནས་སུ་འཇོག་དགོས། འདི་ལྟར་བྱས་ཚེ་ཁེ་ལས་གཞི་ནས་འཕེལ་རྒྱས་སུ་འགྲོ་ཐུབ། དམངས་གཉེར་སྨན་ཁང་གིས་ཀྱང་གཞུང་བཙུགས་སྨན་ཁང་ལྟར་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་དགོས་ཞེས་བཤད།

འབྱུང་འགྱུར་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་འགྲོ་བ་དང་བསྟུན་ནས། དམངས་གཉེར་སྨན་བཅོས་ཁེ་ལས་ཡང་ཟང་ཟིང་གི་འཕེལ་རྒྱས་ནས་ཞིབ་ཚགས་ཅན་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྒྱུར་རྒྱུ་རེད། དེར་བརྟེན་ཀུང་སིས་སྔར་གྱི་གཞི་ཁྱོན་རྒྱ་བསྐྱེད་ནས་སྤུས་ཚད་མཐོར་འདེགས་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་ཞིབ་ལ་མ་འཇོག ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས་ཀྱི་ཡོད། སྒྱུར་བཅོས་འདི་དག་ལ་བརྟེན་ནས་རིམ་སྤོར་བྱས་པ་བརྒྱུད། མ་གནས་ཆག་པ་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད། དམངས་གཉེར་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཧྥུའུ་ཁང་གིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གཞིར་བཟུང་། སྨན་བཅོས་འགན་བཅོལ་གྱི་མཐའ་ཚད་ཡག་པོ་བསྲུངས་ཏེ།མ་དངུལ་དེ་བས་མང་བ་མང་ཚོགས་ཀྱི་སྨན་བཅོས་སྲོག་སྐྱོབ་ཐད་སྤྱོད་རྒྱུ་ཡིན་པ་རེད།

ཝང་པིན་གྱིས། ཀྲུང་གོར་དམངས་གཉེར་སྨན་ཁང་26000ལྷག་ཙམ་ཡོད་མོད། འོན་ཀྱང་ད་ཆ་གཞི་ཁྱོན་ཆེན་པོ་མེད་པར་ད་དུང་གཞི་ཁྱོན་ཆུང་ལ་ཁ་ཐོར་གྱི་རྣམ་པས་གནས་ཡོད། ཧྥུའུ་ཁང་གི་ལེགས་གྲུབ་བྱུང་བའི་ཉམས་མྱོང་བརྒྱུད་དེ་དམངས་གཉེར་སྨན་ཁང་སྔར་ལས་མང་བ་ཤེས་ལྡན་པ་གསོ་སྐྱོང་དང་།སྒྱུར་བཅོས།འཛུགས་སྐྲུན། དེ་བཞིན་སྨན་རྫས་དང་ཞིབ་འཇུག་མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་སྐྱོད་པར་ཁྲིད་སྟོན་བྱེད་ཐུབ་རྒྱུའི་རེ་བ་ཡོད། དེ་སྔའི་སྲོལ་རྒྱུན་གྱི་སྨན་ཁང་གཉེར་སྟངས་ལས་སྒྲོལ་ནས་གཞུང་བཙུགས་སྨན་ཁང་རྣམས་ལ་སློབ་སྦྱོང་བྱས་ཏེ། གཞུང་བཙུགས་སྨན་ཁང་གི་ཁ་གསབ་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ནས། 2030ལོའི་བདེ་ཐང་གི་ཀྲུང་གོ་ཞེས་པར་དམངས་གཉེར་སྨན་ཁང་གི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-25 6 6 拉萨日报藏文 c191589.html 1 ལོ་བཅུ་ཕྲག་རིང་གངས་ལྗོངས་ས་མཐོ་བརྟན་སྲུང་བྱས་ཏེ་བདེ་ཐང་ལ་སྲུང་སྐྱོང་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པ། /enpproperty-->