ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་པའི་འཕྲལ་སྡོམ་ཞབས་ཞུ་དང་ལེན་བྱེད་ནུས་སྔར་བས་ཆེ་རུ་བཏང་སྟེ་དེ་བས་ནུས་ཆེ་དང་ཆེད་ལས་ཀྱི་ཐོག་ནས་ས་ཡོམ་གྱི་གནོད་འཚེར་ཁ་གཏད་གཅོག་པའི་མ་ལག་འཛུགས་ཆེད། ཉིན་ཤས་གོང་།རང་གྲོང་གིས་ས་ཡོམ་གྱི་འཕྲལ་སྡོམ་ཞབས་ཞུ་དང་ལེན་བྱེད་ནུས་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་། རྫོང(ཆུས)ཁག བྱེད་ནུས་གླིང་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་སྤྱི་ཚོགས་ཐོག་གི་རོགས་སྐྱོབ་སྟོབས་ཤུགས་སོགས་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་མཐོ་རིམ་འཕྲལ་སྡོམ་རོགས་སྐྱོབ་པ་དང་། འཕྲལ་སྡོམ་དོ་དམ་དྲིལ་བསྒྲགས་སློབ་གསོའི་གསོ་སྦྱོང་པ། ཐེན་ཅིན་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཆེད་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་བཅས་ཡིན་པའི་ཀུའོ་ཁྲའོ་གདན་ཞུ་བྱས་ནས་ཆེད་དོན་འཆད་ཁྲིད་བྱས་ཡོད། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་དང་ལེན་གྱི་སྒྲོམ་གཞི་དང་། རང་བྱུང་གནོད་འཚེ་ཐོན་སྐབས་ཀྱི་གྲ་སྒྲིག་དང་དང་ལེན། དེ་བཞིན་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་རིམ་དབྱེའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་བཅས་ཕྱོགས་གསུམ་ལ་དམིགས་ནས་ཀུའོ་ཁྲའོ་ཡིས་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་རྩ་འཛུགས་སྒྲོམ་གཞི་དང་། འགན་འཁྲི་ལས་བགོས། བཀོད་འདོམས་བཀོད་གཏོང་གི་ལམ་སྲོལ་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་།འཕྲལ་སྡོམ་རོགས་སྐྱོབ་ཁྲོད་མགྱོགས་མྱུར་དང་ལེན་དང་མཉམ་སྡེབ་ཀྱིས་དམག་འཐབ་བྱེད་པའི་འགག་རྩའི་ནུས་པ་ནན་བཤད་བྱས་པ་རེད། དེ་དང་ཆབས་ཅིག་ཀུའོ་ཁྲའོ་ཡིས་ད་དུང་ས་ཡོམ་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་གི་འཁོར་སྐྱོད་རྩ་བའི་རིག་པ་དང་། འཕྲལ་སྡོམ་ཉེན་གཡོལ་བྱ་ཡུལ་གྱི་བཀོད་སྒྲིག་ཚད་གཞི། ས་ཡོམ་བརྒྱབ་རྗེས་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་བྱེད་པའི་གཞི་རྩའི་རྩལ་ནུས་སོགས་ཀྱི་ཐད་གོ་བདེ་བའི་འགྲེལ་བཤད་བརྒྱབ་པས་གསོ་སྦྱོང་ནང་ཞུགས་མཁན་ཚོས་ས་ཡོམ་གྱི་གནོད་འཚེའི་ཚབས་ཆེའི་རང་བཞིན་དང་ཁ་གཏད་གཅོག་པའི་ལས་ཀའི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད།
མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཀྲའོ་ཡན་ལུང་གིས་རྒན་ཀུའོ་ཁྲའོ་ལགས་ཀྱིས་འགྲེལ་བཤད་རྒྱག་རིང་དཔེ་མཚོན་གྱི་དངོས་དཔེ་འབོར་ཆེན་ཞིག་ལ་དབྱེ་ཞིབ་གཏིང་ཟབ་བྱས་པས་ང་ཚོས་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་དང་ལེན་བྱེད་ཐབས་དེ་བས་མང་བ་ཁོང་དུ་ཆུད་ཐུབ་པ་བྱུང་། ངས་སྦྱངས་པའི་ཤེས་བྱ་རྣམས་སླད་ཕྱིན་གྱི་ལས་ཀའི་ཁྲོད་སྤྱད་དེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་ཤིག་གཏོད་རྒྱུ་ཡིན་ཞེས་བཤད།
གསོ་སྦྱོང་ནང་ཞུགས་མཁན་ཚོས་ད་ཐེངས་ཀྱི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པ་དང་ཉེར་སྤྱོད་རང་བཞིན་ཆེ་བས་ཕན་པ་ཆེན་པོ་ཐོབ་བྱུང་ལ་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་ཕྱིན་པར་མ་ཟད། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་སོང་། ཕྱིས་འབྱུང་སྦྱངས་པའི་ཤེས་བྱ་དང་རྩལ་ནུས་ལས་དོན་དངོས་ནང་སྤྱད་དེ་རང་ངོས་ཀྱི་འཕྲལ་སྡོམ་ཞབས་ཞུའི་དང་ལེན་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས(ས་ཡོམ་ཅུས)གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་གཡང་གིས་ཕྱིས་འབྱུང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་གཞི་རིམ་གྱི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་འབྲེལ་གཏུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོང་འོག་མཉམ་འགུལ་དང་། གཡས་གཡོན་མཐུན་སྦྱོར། ཕྱི་ནང་གཉིས་ཀར་ལྟ་རྟོག ས་ཚིགས་ཟུང་འབྲེལ་བཅས་འཕྲལ་སྡོམ་དོ་དམ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ལས་དོན་པའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་ཤེས་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社