ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་22ཉིན་ནས་བཟུང་དུས་ཚིགས་ཉེར་བཞི་ལས་ཁ་བ་ཆུང་བའི་དུས་ཚིགས་ཟིན་ཞིང་། གངས་འབབ་པ་དང་གྲང་རླུང་གི་ངར་ཁ་བཙན་དུ་འགྲོ་བཞིན་ཡོད་པས། སྙིང་དང་ཀླད་པའི་ཁྲག་རྩ་དང་དབུགས་ལམ་མ་ལག་སོགས་དང་འབྲེལ་བ་ཡོད་པའི་ནད་སློང་སླ་པོ་ཡོད། འོ་ན་ཇི་ལྟར་སྔོན་འགོག་བྱ་དགོས་ཤེ་ན། ཟླ་11ཚེས་21ཉིན་གསར་འགོད་པས་པེ་ཅིང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཀྲུང་ལུགས་གསོ་རིག་ཚན་ཁག་གི་ཆེད་མཁས་པ་ལི་ཤང་ལ་བཅར་འདྲི་ཞུས་དོན།
གནམ་གཤིས་ཇེ་གྲང་དུ་སོང་ན་མི་རྣམས་ཀྱི་ལུས་ཁམས་ཀྱི་རིམས་འགོག་མ་ལག་གི་བྱེད་ནུས་མར་ཆག་སྟེ། སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་མང་དུ་འབྱུང་ཞིང་། སྐབས་འདིར་ནམ་ཟླ་སྐམ་ཤས་ཆེ་བས། ང་ཚོས་ཆུ་ཁ་གསབ་བྱ་རྒྱུར་དོ་སྣང་དང་། འཚོ་བར་ཆོས་ཉིད་ལྡན་པར་བྱེད་པ། ལུས་ཟུངས་གསོ་བ། རིམས་འགོག་ནུས་པ་རྒྱས་པར་བྱེད་པ། གྲང་ངར་འགོག་པའི་ནུས་པ་ཇེ་མཐོར་གཏོང་བ། འགུལ་སྐྱོད་ཀྱི་ཚད་དལ་དུ་གཏོང་བ། འགུལ་སྐྱོད་དྲག་པོ་མི་བྱེད་པ། རྔུལ་ཆུ་མང་པོ་མི་འབྱུང་བ་སོགས་བྱེད་དགོས། ལི་ཤང་གིས། གནམ་གཤིས་གྲང་དུ་ཕྱིན་རྗེས་སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཐོན་ཇེ་མང་དུ་འགྲོ་སྲིད། སྙིང་དང་ལྷག་པར་དུ་ཁྲག་རྩ་ནི་གྲང་དྲགས་རྒྱུ་མེད། གྲང་ངར་གྱིས་ཁྲག་རྩ་འཁུམ་པ་དང་ཐ་ན་སྙིང་རྩ་འགག་འགྲོ་བས་ངེས་པར་དུ་དྲོད་སྲུང་ལ་དོ་སྣང་བྱེད་དགོས་ཞེས་བཤད།
གཞན་ཡང་། ལི་ཤང་གིས་རྒྱུན་གཏན་གྱི་འཚོ་བ་དང་བཟའ་བཏུང་ཐད་ལ་བྱ་ཐབས་བཟང་པོ་ཁག་ཅིག་གྲོས་འགོའི་ཚུལ་དུ་བཏོན་པ་སྟེ། ཁ་བ་ཆུང་བའི་དུས་ཚིགས་སུ་སྔ་པོ་ནས་ཉལ་དགོས་པ་དང་སྔ་པོ་ནས་ལངས་རྒྱུ་མེད། སྒལ་བ་དང་གསུས་པ། སྐེ་སོགས་གནད་འགག་ཆེ་སར་སྲུང་སྐྱོབ་བྱས་ཏེ་གྲང་ངར་འགོག་དགོས། འཕུར་མཉེད་དང་། རྐང་པ་སྦང་བ། མེ་བཙའ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལུས་པོ་གསོ་བ་དང་། དབུགས་འབྱིན་རྔུབ་ཀྱི་མ་ལག་ལེགས་སུ་གཏོང་བ། སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཀྱི་ནད་རྟགས་མི་མངོན་པ་སོགས་བྱེད་དགོས། བཟའ་བཏུང་གི་ཕྱོགས་ནས་བཤད་ན། ཁ་བ་ཆུང་བའི་དུས་ཚིགས་སུ་ལུག་ཤ་དང་ཚགས་ཤ བྱ་ཤ སྒོ་ང་སོགས་དྲོད་ཆེ་བ་དང་སྤྲི་དཀར་མང་བའི་བཟའ་བཏུང་བསྟེན་དགོས་པ་དང་། འབྲས་ནག་དང་སྲན་ནག མོག་རོ་སོགས་ཟས་རིགས་ནག་པོ་བསྟེན་ན་བཟང་།
ལི་ཤང་གིས་དྲན་སྐུལ་བྱས་དོན། དབྱར་དུས་དང་བསྡུར་ན་དགུན་དུས་སུ་མི་རྣམས་ཀྱི་ཁྲག་ཤེད་དང་ཁྲག་མངར་མཐོ་རུ་འགྲོ་བཞིན་ཡོད་པས་ལྟ་ཞིབ་ཚད་ལེན་ལེགས་པར་བྱེད་དགོས་པ་དང་། གལ་སྲིད་ཁྲག་ཤེད་དང་ཁྲག་མངར་རྒྱུན་གཏན་མིན་པ་ཤེས་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། ད་དུང་སྨན་དང་ཟས་ཀྱི་འབྱུང་ཁུངས་གཅིག་པའི་རྩ་བའི་རིགས་པ་གཞིར་བཟུང་། འོས་འཚམ་གྱིས་བཟའ་བཅའི་བཅོས་ཐབས་སམ་ཡང་ན་ཇ་ཡི་བཅོས་ཐབས་ལ་བརྟེན་ནས་ཁྲག་རྩ་མཉེན་དུ་གཏོང་བ་དང་ཁྲག་གསོ་ཞིང་རྒྱུ་བར་བྱེད་དགོས་པ་དང་། སྲོ་ལོ་དམར་པོ་དང་ཁ་ཆེ་ཤ་སྐམ། འདྲེ་ཚེར་སོགས་ཆུ་ལ་སྦངས་ནས་འཐུང་ན་ཁྲག་རྩར་སྲུང་སྐྱོབ་ངེས་ཅན་ཐུབ། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社