分享按钮

བོད་ལྗོངས་རྟེན་མཛོད་ཁང་དུ་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་རྗེས་ཤུལ་ སྐོར་གྱི་ཆེད་དོན་འགྲེམས་སྟོན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་20ཉིན། བོད་ལྗོངས་རྟེན་མཛོད་ཁང་གིས་གཙོ་གཉེར་བྱས་པའི“མཐའ་མཚམས་ས་ཁུལ་ཞོད་འཇགས་བཏང་ཞིང་། དབུས་གཙང་ཡུན་རིང་བདེ་ལ་བཀོད་ཅེས་པའི་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་རྗེས་ཤུལ་སྐོར་གྱི་ཆེད་དོན་འགྲེམས་སྟོན”དེ་བོད་ལྗོངས་རྟེན་མཛོད་ཁང་གི་འགྲེམས་ཁང་གཙོ་བོ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་ཕུན་སུམ་ཚོགས་པའི་པར་རིས་དང་། ཡི་གེ། ཞིབ་འཇུག་གི་གྲུབ་འབྲས་བཅས་ལ་བརྟེན་ནས་བོད་སྡོད་ཨམ་བན་གྱིས་བོད་ས་གནས་ཀྱི་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཁྲོད་བཏོན་པའི་ནུས་པ་གལ་ཆེན་མངོན་པར་བྱ་རྒྱུ་དེ་རེད།

ད་ཐེངས་ཀྱི་འགྲེམས་སྟོན་ནང་།བོད་ལྗོངས་རྟེན་མཛོད་ཁང་གི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་དང་།དེ་བཞིན་རིག་དངོས་ཁོངས་གཏོགས་ཀྱི་ཚན་པ་ཁག་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། འགྲེམས་སྟོན་དེ་བོད་སྡོད་ཨམ་བན་གྱི་རིག་དངོས་དཔྱད་ཡིག་དང་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་ལས་གྲུབ་པ་ཞིག་ཡིན་ཞིང་། པར་རིས་དཔྱད་ཡིག་འབོར་ཆེན་དང་ཞིབ་ཚགས་པའི་ཡི་གེའི་ཐོག་ནས་བོད་སྡོད་ཨམ་བན་ལམ་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་དེའི་ལོ་རྒྱུས་ཀྱི་ནུས་པ་མངོན་པར་བྱས་ཡོད། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཚན་ཞིབ་བྱ་གཞིའི་གྲུབ་འབྲས་ཡིན་པའི་འགྲེམས་སྟོན་དེར་མངོན་གསལ་དོད་པའི་རིག་གཞུང་གི་རང་བཞིན་དང་དཔྱད་གཞིའི་ཡིག་རིགས་ཀྱི་རང་བཞིན་ལྡན་པར་མ་ཟད། དེར་རིག་དངོས་ཀྱི་ལོ་རྒྱུས་དཔྱད་གཞི་དང་ཞིབ་འཇུག་གི་གྲུབ་འབྲས་གསར་པ་མི་ཉུང་བ་ཞིག་ཚུད་ཡོད་པས་མི་རྣམས་ཀྱིས་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུ་དང་ལྷག་དོན་དུ་འབྲེལ་ཡོད་ཆེད་ལས་མི་སྣས་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གི་བོད་སྐྱོང་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུའི་ཐད་རིག་གཞུང་གི་རིན་ཐང་དང་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན་ཡོད།

བོད་ལྗོངས་རྟེན་མཛོད་ཁང་གི་ཞིབ་འཇུག་པ་ཧོ་ཞའོ་ཏུང་གིས་འགྲེམས་སྟོན་དེས་རིག་དངོས་ཀྱི་ལོ་རྒྱུས་དཔྱད་གཞི་ལེགས་སྒྲིག་དང་། ཞིབ་འཇུག སྔོག་འདོན་བཅས་བྱས་པ་བརྒྱུད་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་ས་གནས་ལ་ནུས་ལྡན་ངང་བཅོས་སྐྱོང་དང་བདག་དབང་ལག་བསྟར་བྱས་ཚུལ་གསལ་སྟོན་བྱས་པ་དང་། ལོ་རྒྱུས་ཐོག་བོད་ཀྱི་མི་དམངས་དང་སྤུན་ཟླའི་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མཚོན་པས་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བཤད།

“མཐའ་མཚམས་ས་ཁུལ་ཞོད་འཇགས་བཏང་ཞིང་། དབུས་གཙང་ཡུན་རིང་བདེ་ལ་བཀོད་ཅེས་པའི་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་རྗེས་ཤུལ་སྐོར་གྱི་ཆེད་དོན་འགྲེམས་སྟོན”ནི་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་དམིགས་པ།“བོད་སྡོད་ཨམ་བན་གྱི་རིག་དངོས་ལོ་རྒྱུས་རྗེས་ཤུལ་གྱི་དཔྱད་གཞི་ལེགས་སྒྲིག་དང་ཞིབ་འཇུག”སྒྲིག་འཛུགས་བྱས་ནས་སྤེལ་བའི་ཚན་ཞིབ་བརྗོད་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད། ཞིབ་འཇུག་བྱ་གཞི་དེའི་དམིགས་ཡུལ་ནི་བོད་ལྗོངས་རྟེན་མཛོད་ཁང་གི་ཕུན་སུམ་ཚོགས་པའི་གསོག་ཉར་དངོས་རྫས་ཀྱི་ལེགས་ཆ་བེད་སྤྱོད་ནུས་ལྡན་བྱས་ནས་ཆིང་རྒྱལ་རབས་ཀྱི་བོད་སྡོད་ཨམ་བན་ལམ་ལུགས་ཀྱི་འབྲེལ་ཡོད་རིག་དངོས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་ཞིབ་འཇུག་བྱེད་པ་དང་འབྲེལ། བོད་ལྗོངས་རྟེན་མཛོད་ཁང་འདི་ཉིད་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་གཞིའི་སྟེགས་བུའི་ནུས་པ་ཞིག་ཏུ་བརྩིས་ནས་ཚན་ཞིབ་ཀྱི་གྲུབ་འབྲས་དག་འགྲེམས་སྟོན་གྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་ལྟད་མོ་བ་ཚོར་ལོངས་སུ་སྤྱོད་དུ་བཅུག་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་དོན་ནང་རང་ལྗོངས་ཀྱི་རིག་དངོས་རྟེན་མཛོད་ཁང་སྒྲིག་གཞིའི་འགན་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ་དེ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191496.html 1 བོད་ལྗོངས་རྟེན་མཛོད་ཁང་དུ་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་རྗེས་ཤུལ་ སྐོར་གྱི་ཆེད་དོན་འགྲེམས་སྟོན་བྱས་པ། /enpproperty-->