ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། འགྲུལ་སྐྱེལ་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། གཉེར་སྐྱོང་པ་དང་དེ་བཞིན་འགྲུལ་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་ལེན་བཅས་བྱ་ཆེད། ཟླ་11ཚེས་19ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་ཆེན་བཞི་པས་གྲོང་ཤར་ཁུལ་དུ་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།
དགོང་མོའི་ཆུ་ཚོད་9པར། ཁྲིམས་འཛིན་པས་གླིང་སྐོར་ཤར་ལམ་གྱི་བར་སྐོར་ཚོང་གྲོང་གི་ཉེ་འགྲམ་དུ་རླངས་འཁོར་བཀག་སྟེ་ཞིབ་བཤེར་བྱེད་པའི་བྱ་ཐབས་སྤྱད་ནས་སྐྱེལ་འདྲེན་རླངས་འཁོར་ལ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་སྐབས། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་གིས་རླངས་འཁོར་ཐོག་དྲ་འབོད་རླངས་འཁོར་གྱི་མཚོན་རྟགས་སྦྱར་མེད་པས་ཁྲིམས་འཛིན་པས་ལག་ཁྱེར་གནས་སྐབས་སུ་བཀག་ཉར་བྱས་པ་རེད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་ཆེན་བཞི་པའི་རུ་མི་བསྟན་འཛིན་འཕྲིན་ལས་ཀྱིས། དྲ་འབོད་རླངས་འཁོར་དེས་གཏན་འབེབས་ལྟར་མཚོན་རྟགས་སྦྱར་མེད་པས། ང་ཚོས་ཁོང་གི་ལག་ཁྱེར་གནས་སྐབས་སུ་བཀག་ཉར་བྱས་པ་ཡིན། ཁ་ལོ་བས་མཚོན་རྟགས་སྦྱར་རྗེས་ཁྲིམས་འཛིན་རུ་ཁག་ཏུ་ཡོང་ནས་ལག་ཁྱེར་ཕྱིར་ལེན་ཆོག་ཅེས་བཤད།
ཤེས་རྟོགས་བྱས་པར་གཞིགས་ན། དྲ་འབོད་རླངས་འཁོར་གཏོང་མཁན་གྱིས་རླངས་འཁོར་ལ་དྲ་འབོད་རླངས་འཁོར་གྱི་མཚོན་རྟགས་སྦྱར་རྗེས་གཞི་ནས་ཚོང་གཉེར་བྱེད་ཆོག་གི་ཡོད་པ་རེད།
བསྟན་འཛིན་འཕྲིན་ལས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲིམ་འགྲུལ་གྱི་སྒྲིག་ལམ་དང་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་པ་ཕུད། ད་དུང་དུས་ངེས་མེད་ཐོག་ཁྲིམས་འཛིན་རུ་མི་བཀོད་སྒྲིག་བྱས་ཏེ་གྲོང་ཁུལ་དུ་མཚན་མོ་ཐོལ་བྱུང་ཞིབ་བཤེར་བྱེད་པ་སྟེ། བོགས་གཏོང་རླངས་འཁོར་དང་དྲ་འབོད་རླངས་འཁོར་གྱི་སྒྲིག་འགལ་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་བྱ་སྤྱོད་སོགས་ལ་མུ་མཐུད་ནས་བཅོས་སྒྲིག་བྱེད་ཀྱི་ཡོད།
བསྟན་འཛིན་འཕྲིན་ལས་ཀྱིས། ང་ཚོས་ཉིན་མ་རེ་རེར་ཞིབ་བཤེར་བྱེད་ཀྱི་ཡོད། གཙོ་བོ་བོགས་གཏོང་རླངས་འཁོར་གྱིས་དུས་ཚོད་བཀག་པའི་གནས་ཚུལ་དང་། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བར་ལག་ཁྱེར་ཚང་མིན་སོགས་ལ་ཞིབ་བཤེར་བྱས་ནས་རྒྱ་ཆེའི་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་ཀྱི་ཡོད། ང་ཚོས་རྒྱ་ཆེའི་གྲོང་མི་མང་ཚོགས་ཚོར་ཕྱིར་སྐྱོད་སྐབས་ངེས་པར་དུ་ཚད་ལྡན་གྱི་འགྲུལ་སྐྱེལ་རླངས་འཁོར་འདེམས་དགོས་པ་ལས་ལག་ཁྱེར་མེད་པའི་རླངས་འཁོར་ནང་སྡོད་མི་རུང་བ་དང་། གལ་ཏེ་ལག་ཁྱེར་མེད་པའི་རླངས་འཁོར་ནང་བསྡད་ཚེ། 12345ཡི་གྲོང་སྲིད་ཐད་སྦྲེལ་ཁ་པར་དང་། 12328འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ཁ་པར་བརྒྱུད་ནས་ཐེར་འདོན་གོང་ཞུ་བྱེད་ཆོག་པའི་སྐུལ་མ་གཏོང་གི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་19ཉིན། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་འགྲིམ་འགྲུལ་ཁྲིམས་འཛིན་པ་ཁྱོན་མི་ཐེངས་17དང་། ཁྲིམས་འཛིན་རླངས་འཁོར་ཐེངས་5 འགྲིམ་འགྲུལ་ཉེན་རྟོག་པ་མི་ཐེངས་2 ཡུལ་སྐོར་ཉེན་རྟོག་པ་མི་ཐེངས་2བཅས་བཏང་ནས་དུས་གཏན་ལམ་ཐིག་ཐོག་གི་རླངས་འཁོར་27དང་། ཡུལ་སྐོར་རླངས་འཁོར་17 སྤྱིར་བཏང་གི་ཟོག་འདྲེན་རླངས་འཁོར་7 ཉེན་ཡོད་ཟོག་འདྲེན་རླངས་འཁོར་2 དྲ་འབོད་རླངས་འཁོར་44 བོགས་གཏོང་རླངས་འཁོར་26 ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་25བཅས་ལ་ཞིབ་བཤེར་བྱས་པ་རེད། ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ནང་ཁྱོན་མི་8ལ་སློབ་གསོ་བརྒྱབ་ནས་ཐ་ཚིག་བསྒྲགས་པ་དང་། ཡུལ་དངོས་སུ་རླངས་འཁོར་4ལ་བཅོས་སྒྲིག་བྱས་པ། རླངས་འཁོར་8ཐེར་འདོན་བྱས་ནས་ཐག་གཅོད་བྱས་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社