ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྫོང(ཆུས)རིམ་པའི་ཨེ་ཙེའི་ནད་དུག་འགོག་བཅོས་དམིགས་བཙུགས་སྨན་ཁང་འཛུགས་པ་ནི་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་ད་ལོར་བཀོད་སྒྲིག་བྱས་པའི་ཨེ་ཙེའི་ནད་དུག་ཕྱོགས་བསྡུས་འགོག་བཅོས་ལས་ཀའི་གཙོ་གནད་གྲས་ཤིག་ཡིན་ལ། ཨེ་ཙེའི་ནད་དུག་འགོག་བཅོས་བྱེད་པའི་རང་ལྗོངས་ཀྱི་ལས་ཀའི་དགོས་མཁོ་དེ་བས་ཀྱང་ཡིན། ཨེ་ཙི་ནད་དུག་འགོག་བཅོས་ལས་དོན་ཚད་ལྡན་དུ་བཏང་སྟེ། སྔ་ཙམ་ནས་ཨེ་ཙིའི་འགོས་ནད་མེད་པར་བཟོ་བའི་དམིགས་འབེན་མངོན་འགྱུར་བྱ་ཆེད། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རིམས་ནད་ཚོད་འཛིན་ཅུས། རིམས་ནད་ཚོད་འཛིན་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་20ཉིན། ཨེ་ཙེའི་ནད་དུག་འགོག་བཅོས་དམིགས་བཙུགས་སྨན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་འཚོགས་པ་རེད། སྨན་ཁང་དེ་ནི་ལྷ་སའི་རྫོང(ཆུས)རིམ་པའི་ཨེ་ཙེའི་ནད་དུག་འགོག་བཅོས་དམིགས་བཙུགས་སྨན་ཁང་ཐོག་མར་གྱུར་ཡོད།
མཛད་སྒོའི་ཐོག རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕུན་ཚོགས་ཚེ་རིང་དང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་ལི་ཉིང་གིས་མཉམ་དུ་ཨེ་ཙེའི་ནད་དུག་འགོག་བཅོས་དམིགས་བཙུགས་སྨན་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེས་པ་རེད། ཕུན་ཚོགས་ཚེ་རིང་གིས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་། དེ་བཞིན་འཕྲོད་བསྟེན་བདེ་ཐང་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཚན་གྱིས་ཨེ་ཙེའི་ནད་དུག་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་མཐོང་ཆེན་བྱས་སྟབས། ཨེ་ཙེའི་ནད་དུག་འགོག་བཅོས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏོང་བ་དང་། ཞིབ་དཔྱད་ཚད་ལེན་རྒྱ་ཆེར་གཏོང་བ། ཉེན་ཆེའི་སྤྱོད་ལམ་ལ་ཐེ་ཇུས་བྱེད་པ་སོགས་ཀྱི་འགོག་བཅོས་ལས་དོན་ཁག་ལ་ཕན་འབྲས་བཟང་པོ་ཐོན་འདུག ཁྲེང་ཀོན་ཆུས་འདི་ཉིད་རེས་སྐོར་ལྔ་པའི་རྒྱལ་ཡོངས་ཨེ་ཙེའི་ནད་དུག་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་ཁུལ་ཡིན། ཁྲེང་ཀོན་ཆུས་ཨེ་ཙེའི་ནད་དུག་འགོག་བཅོས་དམིགས་བཙུགས་སྨན་ཁང་འཛུགས་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་ལེགས་ཆ་ལྡན་པའི་སྨན་བཅོས་ཐོན་ཁུངས་གཅིག་ཏུ་བསྡུས་ནས་ནད་པར་དེ་བས་ཆེད་ལས་ལྡན་པ་དང་། དེ་བས་མ་ལག་ལྡན་པ། དེ་བས་དྲོ་སྐྱིད་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་ཆེད་དང་། བདེ་ཐང་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཁྲེང་ཀོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་དེ་རེད་ཅེས་བཤད།
ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་དབང་ལགས་ཀྱིས། ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་ཨེ་ཙེའི་ནད་དུག་འགོག་བཅོས་དམིགས་བཙུགས་སྨན་ཁང་བཙུགས་པ་དེ་ནི་ཨེ་ཙེའི་ནད་དུག་འགོག་བཅོས་དམིགས་བཙུགས་སྨན་ཁང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས་དང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབོད་སྐུལ་དང་ལེན་བྱས་པ་ཞིག་རེད། ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་གིས་ནད་པར་ནད་དུག་འགོག་བཅོས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་ཕུད། ད་དུང་CD4(རིམས་འགོག་ཕྲ་ཕུང)དང་ཨེ་ཙེའི་ནད་དུག་གི་འབོར་ཚད་འཇལ་བའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社